ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་གསར་སྐྱེལ་འདྲེན་རིང་སྤ་སེ་ཁེ་ཚོང་རྒྱག་པ་དང་། གཞན་གྱི་སྡོད་ས་བཟུང་བ། སྡོད་ས་འཚོང་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་བདེ་པུས་ཉེ་ཆར་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱི2019ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་འཇགས་སྲུང་སྐྱོང་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ལྕགས་ལམ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་པའེ་ཧྲའོ་ཆང་གིས། རྒྱལ་ཡོངས་ཀྱི་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་ན་ནིང་གི་ཟླ12པ་ནས་བཟུང་བདེ་སྲུང་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན2000ལྷག་ཙམ་གཅིག་སྡུད་བཅོས་སྒྲིག་བྱས་པས་མྱུར་བགྲོད་ལྕགས་ལམ་གྱི་བདེ་སྲུང་རྒྱུན་མཐུད་བརྟན་པོ་ཐུབ་པ་དང་། སྤ་སེ་ཁེ་ཚོང་རྒྱག་པའི་གྱོད་གཞི་ཁག2378རྩད་ཆོད་པ་དང་། སྤ་སེ་ཁེ་ཚོང་རྒྱག་མཁན2558བཟུང་བ། མེ་འཁོར་སྤ་སེ29449དང་མེ་འཁོར་སྤ་སེ་རྫུན་མ48804ལག་ཏུ་ཐེབས་པས་སྤ་སེ་ཁེ་ཚང་རྒྱག་པའི་བྱེད་སྤྱོད་བཀག་འགོག་ནུས་ལྡན་ཐུབ་པ། རིགས་ཁག་གི་ཉེས་དོན་གྱོད་གཞི་ཁག774རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན689བཟུང་བ། ཉེས་གསོག་ཚོགས་པ12མེད་པར་བཟོས་པ། དྲ་ཐོག་གི་བྲོས་བྱོལ་དུ་སོང་བའི་ཉེས་ཅན་པ5000ལྷག་ཙམ་བཟུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ1ཚེས11ཉིན་ནས་བཟུང་། ལྕགས་ལམ་སྤྱི་བདེ་ཅུས་ཀྱིས་ཉིན10སྔ་སྣུར་དུ་ཕྱོགས་ཡོངས་ནས་དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་འཇགས་སྲུང་སྐྱོང་གི“མཐའ་མའི་དམག་འཐབ་དུས་མཚམས”སུ་སླེབས་པར་བྱས་ཡོད། “རྐུ་འཕྲོག་བསླུས་གསུམ”གྱི་རྒྱུ་ནོར་ལ་གནོད་འཚེ་བཟོ་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་ཉེས་དོན་གྱོད་གཞི་ཚབས་ཆེན་ཐོན་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་པ་དང་། སྐྱེལ་འདྲེན་བདེ་འཇགས་ལ་དམ་པོར་དམིགས་ཏེ་མེ་འཁོར་བདེ་འཇགས་ངང་འཁོར་རྒྱུག་བྱ་རྒྱུར་ཉེན་ཁ་བཟོ་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། བསྙད་འདོགས་བཙན་ལེན་དང་། གཞན་གྱི་སྡོད་ས་བཟུང་བ་དང་སྡོད་ས་འཚོང་བ། ར་བཟི་ནས་ཟིང་ཆ་སློང་བ། མེ་འཁོར་གྱི་སྒོ་བཀག་པ། མྱུར་བགྲོད་མེ་འཁོར་ནང་ཐ་མག་འཐེན་པ་སོགས་མེ་འཁོར་གྱི་བདེ་འཇགས་སྲུང་སྐྱོང་སྒྲིག་ལམ་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། འགྲུལ་སྐྱེལ་མེ་འཁོར་དང་། མེ་འཁོར་བབས་ཚུགས། སྤྱི་པའི་འདུས་སྡོད་ཁུལ། འབར་གས་སླ་བའི་ས་ཁོངས་སོགས་གཙོ་གནད་དུ་བྱས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་མེ་སྐྱོན་མི་ཐོན་པའི་འགན་ལེན་བྱེད་པ། ལས་ཀའི་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་དཔྱིད་གསར་སྐྱེལ་འདྲེན་རིང་གནམ་ངན་བསྟན་པ་དང་སྒྲིག་ཆས་དང་སྒྲིག་བཀོད་ལ་སྐྱོན་ཤོར་བ་སོགས་ཀྱི་རྐྱེན་པས་མེ་འཁོར་ཕྱི་འབྱོར་དང་། འགྲུལ་རྒྱུན་མང་དུ་ཕྱིན་པ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད་ཡག་པོ་བྱས་ནས་འགྲུལ་པའི་བདེ་འཇགས་འགན་ལེན་བྱེད་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།