ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་སྨན་བཅོས་འགན་སྲུང་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190111092444SBAb.jpg

ཟླ1པོའི་ཚེས10ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་སྨན་བཅོས་འགན་སྲུང་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས10ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་སྨན་བཅོས་འགན་སྲུང་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་བར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱས་པ་དང་། གོ་རིམ་རྗེས་མའི་སྨན་བཅོས་འགན་སྲུང་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། 

ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་འཛུགས་སྒྲུབ་གནང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་འགན་འཁྲིའི་འདུ་ཤེས་དང་འོས་འགན་གྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྒྲིག་གཞི་བཅོས་སྒྱུར་གྱི་གོ་སྐབས་དམ་འཛིན་བྱེད་པ། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་དང་ནད་ཚབས་ཆེན་གྱི་འགན་སྲུང་ལམ་ལུགས་འཐུས་ཚང་གཅིག་གྱུར་ཡོང་བར་བྱེད་པ། སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། དོ་དམ་དང་ཞབས་ཞུའི་བྱ་བ་གཅིག་གྱུར་གྱིས་སྒྲུབ་ནས། སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་ལམ་ལུགས་དྲང་བདེན་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་བཏང་ནས། མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ཟེར། 

ཧན་ཀྲིན་གྱིས་བསྟན་དོན། སྨན་བཅོས་འགན་སྲུང་ཐེབས་རྩ་ནི་མི་དམངས་མང་ཚོགས་ཀྱི་སྲོག་སྐྱོབ་རྒྱུ་ནོར་ཡིན་པས་མགོ་སྐོར་མགོ་གཡོག་གི་འགན་སྲུང་སྣང་ཚུལ་ལ་རྡུང་རྡེག་ནན་མོ་བྱས་ཏེ། སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་ཡུན་ཕན་ནང་རྐྱེན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་དགོས་ཟེར། 

བཞུགས་མོལ་ཚོགས་འདུའི་སྟེང་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡི་འགན་ཁུར་མི་སྣས་སྙན་ཞུ་ཕུལ་བར་མ་ཟད། སྤྱི་བདེ་པུའུ་དང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཐེན་ཅིན། ཧྲང་ཧེ། ཧྥུའུ་ཅན། ཁྲུང་ཆིན། ལེའོ་ཉིན། ཡུན་ནན་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སྨན་བཅོས་འགན་སྲུང་ཅུའུ་ཡི་འགན་ཁུར་མི་སྣས་གཏམ་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།