ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས“ནན་པོ་བཅུའི”བླང་བྱ་གསལ་པོར་བཏོན་ནས་མཐོ་སློབ་ཀྱི་རང་བརྟེན་སློབ་བསྡུ་ཚད་ལྡན་དུ་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་སློབ་ཀྱི་རང་བརྟེན་སློབ་བསྡུའི་ལས་དོན་ཚད་ལྡན་ཏན་ཏིག་གཏོང་ཆེད། སློབ་གསོ་པུས《2019ལོའི་མཐོ་སློབ་ཀྱི་རང་བརྟེན་སློབ་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། སློབ་བསྡུའི་སྲིད་ཇུས་དང་། སློབ་བསྡུའི་གོ་རིམ། ལྟ་འདོམས་ལ་ཤུགས་སྣོན་བཅས་ལ“ནན་པོ་བཅུའི”བླང་བྱ་བཏོན་པས་མཐོ་སློབ་ཀྱི་ཤེས་ལྡན་མི་སྣ་འདེམས་པའི་ཚན་རིག་རང་བཞིན་དང་འདྲ་མཉམ་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད།

སློབ་གསོ་པུས་བླང་བྱ་ཁག་བཅུ་བཏོན་པ་སྟེ། གཅིག་ནས་མིང་ཐོ་འགོད་པའི་འོས་བབ་ཀྱི་ཆ་རྐྱེན་ནན་དུ་བཏང་ནས་མཐོ་སློབ་ཀྱིས་དཔྱད་རྩོམ་དང་། ཁེ་བེད་བདག་ཐོབ། མཚམས་སྦྱོར་སྒྲིག་གཞི་བཅས་ཀྱིས་སྟབས་བདེའི་ངང་སྤེལ་བའི་འགྲན་བསྡུར་རམ་ཡང་ན་བྱེད་སྒོ་སོགས་རྒྱུགས་ལེན་གྱི་ཆ་རྐྱེན་དང་ཐོག་མའི་འདྲི་ཞིབ་ཀྱི་གཞི་འཛིན་སར་བརྩི་མི་ཆོག་པ་དང་། གཉིས་ནས་སློབ་བསྡུའི་ཚད་གཞི་ནན་པོ་བཟོས་ནས་མཐོ་སློབ་ཀྱིས་ད་ཡོད་རྨང་གཞིའི་ཐོག་རང་བརྟེན་སློབ་བསྡུའི་རྒྱུགས་སྤྲོད་སློབ་མའི་གཟིགས་སྐྱོང་གི་སྐར་གྲངས་སྔར་བས་དམའ་རུ་གཏོང་དགོས་པ། གསུམ་ནས་སློབ་བསྡུའི་གཞི་ཁྱོན་ཚོད་འཛིན་ནན་པོ་བྱས་ནས་མཐོ་སློབ་ཀྱིས་ལོ་གོང་མའི་སློབ་བསྡུའི་མི་གྲངས་ཀྱི་རྨང་གཞིའི་ཐོག་སློབ་བསྡུའི་མི་གྲངས་ཉུང་དུ་འོས་འཚམ་གཏོང་དགོས་པ། བཞི་ནས་སློབ་བསྡུའི་ཆེད་ལས་གཏན་འཁེལ་ནན་པོ་བྱས་ནས་རྩ་དོན་ཐོག་རྨང་གཞིའི་རིག་ཚན་དང་ཁྱད་ལྡན་རིག་ཚན་གྱི་ཆེད་ལས་གཙོ་བོར་འཛིན་དགོས་པ། ལྔ་ནས་རེ་ཞུའི་ཡིག་ཆར་ཞིབ་བཤེར་ནན་པོ་བྱས་ནས་མཐོ་སློབ་ཏུ་ཆེད་མངགས་རང་བརྟེན་སློབ་བསྡུའི་ཞིབ་བཤེར་རིགས་གཅིག་མཁས་ཅན་ཚོགས་ཆུང་འཛུགས་པ་དང་། རིགས་གཅིག་མཁས་ཅན་མང་པོས་ལོགས་སུ་དང་ཁེར་རྐྱང་དུ་ཞིབ་བཤེར་དང་བསྐྱར་ཞིབ་སོགས་ཀྱི་བྱེད་སྟངས་སྤྱད་དེ་རྒྱུགས་སྤྲོད་སློབ་མས་བསྐྱལ་བའི་ངོ་སྤྲོད་ཡིག་ཆ་ཚང་མར་ཞིབ་བསྡུར་བྱེད་དགོས་པ། དྲུག་ནས་མཐོ་སློབ་ཀྱིས་ཞིབ་དཔྱད་བྱེད་པར་སྒྲིག་འཛུགས་ནན་པོ་བྱས་ནས་རྒྱལ་ཁབ་སློབ་གསོའི་ཡིག་རྒྱུགས་བདེ་འཇགས་གསང་སྲུང་ལས་དོན་གྱི་གཏན་འབེབས་དང་རྒྱུགས་དོན་དོ་དམ་གྱི་གཏན་འབེབས་གཞིར་བཟུང་ལག་ལེན་བསྟར་ཏེ་རྒྱུགས་གཞི་དང་། རྒྱུགས་ཤོག ཡིག་རྒྱུགས། ངོ་རྒྱུགས་བཅས་ཀྱི་བདེ་སྲུང་ལས་དོན་འགན་ལེན་དང་། སློབ་གྲྭའི་ཡིག་རྒྱུགས་ནང་ལུས་རྩལ་གྱི་ཚོད་རྒྱུགས་བསྣན་ནས་སློབ་བསྡུའི་དཔྱད་གཞི་གལ་ཆེན་དུ་བརྩི་དགོས་པ། བདུན་ནས་ཡོངས་བསྒྲགས་དང་སྤྱི་བསྒྲགས་ལག་བསྟར་ནན་པོ་བྱས་ནས་སློབ་གསོ་པུའུ་དང་། ཞིང་ཆེན་རིམ་པའི་སློབ་བསྡུའི་ཡིག་རྒྱུགས་སྒྲིག་གཞི། མཐོ་སློབ། སློབ་འབྲིང་བཅས་རིམ་པ་བཞིར་ཆ་འཕྲིན་ཐེངས་མང་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། ཞིབ་ཚགས་གནད་འཁེལ་ངང་དུས་ཐོག་ཏུ་སྤྱི་བསྒྲགས་བྱེད་དགོས་པ། བརྒྱད་ནས་སློབ་ཕྲུག་གསར་པར་བསྐྱར་ཞིབ་ནན་པོ་བྱས་ནས་རང་བརྟེན་སློབ་བསྡུའི་རྒྱུགས་སྤྲོད་སློབ་མའི་འདུན་ཞུའི་ཡིག་ཆ་དང་། གློག་རྡུལ་དང་ཤོག་ངོས་ཀྱི་ཡིག་ཚགས་བཅས་ལ་རེ་རེ་བཞིན་ཞིབ་བསྡུར་བྱེད་དགོས་པ་དང་། དགོས་ངེས་སྐབས་རིག་ཚན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་བསྐྱར་དུ་ཞིབ་བཤེར་བྱེད་དགོས་པ། དགུ་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་མཐོ་སློབ་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ནི་རང་བརྟེན་སློབ་བསྡུའི་ཡིག་རྒྱུགས་བདེ་འཇགས་སྲུང་སྐྱོང་དང་འདྲ་མཉམ་དྲང་གཞག་གི་འགན་འཁུར་བ་ཨང་དང་པོ་ཡིན་པ་དང་། ལས་བགོས་འགན་འཁུར་བ་ནི་ཐད་ཀའི་འགན་འཁུར་བ་ཡིན་པ་གཏན་འཁེལ་བྱེད་དགོས། སློབ་འབྲིང་གི་སློབ་སྤྱི་ནི་རྒྱུགས་སྤྲོད་སློབ་མའི་འབྲེལ་ཡོད་འདུན་ཞུའི་ཡིག་ཆ་བདེན་པ་ཡིན་མིན་གྱི་ཐད་ཀའི་འགན་འཁུར་བ་ཡིན་དགོས་པ། བཅུ་ནས་རྫུན་བཟོའི་བྱེད་སྤྱོད་ལ་ཆད་པ་ནན་པོ་བཅད་དེ་རེ་ཞུའི་ཡིག་ཆ་རྫུས་མ་མཁོ་འདོན་བྱེད་མཁན་གྱི་སློབ་མ་ཤེས་རྟོགས་ཐུབ་པ་དང་སློབ་བསྡུའི་རིང་ཐོན་པའི་སྒྲིག་འགལ་དང་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ཐག་གཅོད་ནན་པོ་བྱེད་པ་དང་། འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།

ངོ་སྤྲོད་བྱས་པར་གཞིགས་ན། 2019ལོའི་མཐོ་སློབ་ཀྱི་རང་བརྟེན་སློབ་བསྡུའི་མིང་ཐོ་འགོད་པའི་ལས་དོན་ཟླ་གསུམ་པ་ནས་འགོ་འཛུགས་རྒྱུ་རེད། རང་བརྟེན་སློབ་བསྡུའི་མཐོ་སློབ་ཀྱིས་བརྡ་ཐོ་འདིའི་བླང་བྱ་གཞིར་བཟུང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་གྲྭ་འདིའི་རང་བརྟེན་སློབ་བསྡུའི་སྒྲིག་ཡིག་མདོར་བསྡུས་བཟོ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།