ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན་མང་པོས་མཉམ་འབྲེལ་ཐོག“བདེ་སྲུང”ཁྲོམ་རའི་ཟང་ཟིང་རྣམ་པ་བཅོས་སྒྲིག་གི་ཉིན་བརྒྱའི་བྱ་སྤྱོད་སྤེལ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྡེ་ཚན་མང་པོས་མཉམ་འབྲེལ་ཐོག“བདེ་སྲུང”ཁྲོམ་རའི་ཟང་ཟིང་རྣམ་པ་བཅོས་སྒྲིག་གི་ཉིན་བརྒྱའི་བྱ་སྤྱོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“བདེ་སྲུང”ཁྲོམ་རའི་གཙོ་གནད་ལས་རིགས་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་བྱ་སྤྱོད་བཅས་ཀྱི་ལས་དོན་སྤེལ་བཞིན་པ་དང་སྤེལ་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དྲིལ་བསྒྲགས་རྫུས་མ་དང་། བརྡ་ཁྱབ་རྫུས་མ། རྫུན་ལྷད་ཞན་གསུམ་གྱི་བཟོ་ཚོང་སོགས་ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོ་བ་དང་འཛད་སྤྱོད་པར་ཁ་བསླུས་རྒྱག་པ་སོགས་ཁྲིམས་འགལ་བྱེད་སྤྱོད་ཁག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀྲང་མའོ་ཡིས“བདེ་སྲུང”ཁྲོམ་རའི་ཟང་ཟིང་གི་རྣམ་པས་དམངས་འཚོར་གནོད་འཚེ་ཚབས་ཆེན་གཏོང་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་གཏོང་བ་བཅས་བྱེད་ཀྱི་ཡོད། སྤྱི་ཚོགས་ཀྱི་གླེང་ཕྱོགས་ཀྱིས་དེའི་ཐད་ཚུར་སྣང་ལན་ཆ་ཆེ་བ་དང་མི་དམངས་མང་ཚོགས་ཀྱིས་བཅོས་སྒྲིག་བྱེད་དགོས་པའི་རེ་བ་ཆེན་པོ་འདོན་གྱི་ཡོད་ཅེས་བཤད།

ད་རེས་ཀྱི“ཉིན་བརྒྱའི་བྱ་སྤྱོད”དེ2019ལོའི་ཟླ1ཚེས8ཉིན་ནས་འགོ་བཙུགས་པ་དང་དུས་ཡུན་ཉིན100ཡིན་པ་རེད། དེར་ཞུགས་མཁན་སྡེ་ཚན13དེ་དག་ནི་ཁྲོམ་ར་ལྟ་སྡོམ་སྤྱི་ཁྱབ་ཅུས་དང་། བཟོ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། དམངས་སྲིད་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། ཚོང་དོན་པུའུ། རིག་གནས་ཡུལ་སྐོར་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཅུས། སྨན་རྫས་ལྟ་སྐུལ་ཅུས། དྲ་འཕྲིན་གཞུང་ལས་ཁང་སོགས་ཡིན་པ་རེད།

ཀྲང་མའོ་ཡིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་འཕྲེད་ཕྱོགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཁོངས་གཏོགས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། སྡེ་ཚན་དབར་འབྲེལ་མཐུད་རོགས་ལས་བཅས་བྱས་ཏེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་བཅོས་སྒྲིག་རྣམ་པ་ཞིག་ཆགས་པ་བྱེད་དགོས། གཞུང་ཕྱོགས་མཉམ་སྒུལ་ལ་ཤུགས་སྣོན་བརྒྱབ་ནས་ལས་འགན་ཁག་བགོས་གཞིར་བཟུང་རང་འགན་རང་འཁུར་དང་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་བྱས་ཏེ་བཅོས་སྒྲིག་ཆ་འཕྲིན་གོང་ཞུ་བྱེད་པའི་ལམ་ལུགས་བཟོ་བ་དང་གོང་འོག་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས“རྒྱལ་ཡོངས་སུ་མིག་མངས་འགྲིག་སྐོར་གཅིག”ཆགས་པ་བྱེད་དགོས། སྤྱི་ཚོགས་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་མཉམ་དུ“ཉིན་བརྒྱའི་བྱ་སྤྱོད”ནང་ཞུགས་རྒྱུར་སྐུལ་མ་གཏོང་དགོས། གྱོད་གཞི་ཞིབ་གཅོད་ལ་ཤུགས་སྣོན་བརྒྱབ་ནས་དཔེ་མཚོན་གྱི་གྱོད་གཞི་ཁག་གཅིག་དམར་རྗེན་དུ་བཏོན་ཏེ་ཟིལ་གནོན་ནུས་ལྡན་ཞིག་ཆགས་པ་བྱེད་དགོས། བཟའ་བཅའ་དང་སྨན་རྫས་ཁྲོམ་རར་ལྟ་འདོམས་བྱེད་ཤུགས་ཆེ་རུ་དང་འཐུས་ཚང་དུ་གཏོང་བ་དང་། བཟའ་བཅའི་བདེ་འཇགས་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ། ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་། ལྟ་སྐུལ་འཐེན་བཤེར། ཞིབ་དཔྱད་གདེང་འཇོག་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ངང་སྤྱད་དེ་ཉེན་ཁ་གྲལ་བཤེར་བྱས་ནས་སེལ་དགོས། རྩ་འཛུགས་ཀྱི་མཐུན་སྦྱོར་ཡག་པོ་བྱས་ཏེ་ཕྱོགས་ཁག་ལ་འབྲེལ་གཏུག་བྱེད་པ་དང་ཆ་འཕྲིན་གཅིག་ཏུ་བསྡུ་བ་སོགས་ཀྱི་འགན་འཁྲི་ཡག་པོ་འཁུར་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཏན་ཏིག་སྤེལ་བ་དང་ཕན་འབྲས་མངོན་གསལ་དོད་པའི་ས་གནས་ལ་བསྔགས་བརྗོད་དང་སྐུལ་ལྕག་བྱེད་པ་དང་། ལས་དོན་ཡག་པོ་མི་སྒྲུབ་མཁན་ལ་བརྡ་ཁྱབ་གཏོང་བ་དང་དག་ཐེར་བྱ་རྒྱུར་སྐུལ་མ་གཏོང་དགོས། ཕུགས་ཕན་ལྟ་འདོམས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འབྲེལ་ཡོད་ལས་རིགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།