ཧན་ཀྲིན་གྱིས་རྒྱལ་ཁབ་ནུས་ཁུངས་ཅུའུ་ལ་རྟོག་ཞིབ་མཛད་པར་མ་ཟད་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

1123967615_15470346958551n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་རྒྱལ་ཁབ་ནུས་ཁུངས་ཅུའུ་ལ་རྟོག་ཞིབ་མཛད་པར་མ་ཟད་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས། ཧན་ཀྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་རེ་བ་ལག་བསྟར་དང་དངོས་འབེབས་བྱས་ཏེ། ནུས་ཁུངས་ཁྱབ་ཁོངས་གཙོ་བོའི་ལས་འགན་གཅིག་སྡུད་བྱེད་པ་དང་དཀའ་ཁག་ཁྱད་སེལ་དང་ནན་ཏན་སྒོས་བྱ་བ་བསྒྲུབ་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་ནུས་ཁུངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། གནམ་ལོ་གསར་བ་ཐོན་ལ་ཉེ་བས། ནུས་ཁུངས་མཁོ་འདོན་འགྱུར་ལྡོག་ལ་ཡིད་འཇོག་ཆེན་པོ་བྱས་ཏེ་བཀོད་སྒྲིག་དང་རྩ་འཛུགས་ཞིབ་མོ་བྱེད་པ་དང་ཁེ་ལས་དང་ས་གནས་བར་གྱི་མཐུན་སྦྱོར་དང་མཉམ་འབྲེལ་ལ་ཤུགས་སྣོན་ཞིང་རྡོ་སོལ་དང་གློག་ཤུགས། སྣུམ་རླངས་སོགས་ནུས་ཁུངས་ཐོན་སྐྱེད་འདོན་སྤྲོད་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བ་དམ་འཛིན་བྱེད་པར་མ་ཟད། དོན་རྐྱེན་ཚབས་ཆེན་འབྱུང་བར་དོགས་ཟོན་དང་གཏན་འགོག་བྱས་ནས་མི་དམངས་མང་ཚོགས་ལ་བདེ་འཇགས་སྤྲོ་སྐྱིད་ཀྱི་ལོ་སར་ཞིག་རོལ་དུ་འཇུག་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།