ཀྲུང་གོ་བོད་ཀྱི་དྲ་བ།

དུས་རབས་གསར་བའི་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་བཞུགས་མོལ་ཚོགས་འདུ་དང་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས3ཉིན་གྱི་སྔ་དྲོར་དུས་རབས་གསར་བའི་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་བཞུགས་མོལ་ཚོགས་འདུ་དང་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་པེ་ཅིན་ནས་བསྡུས་པ་དང་། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པར་མ་ཟད། བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད་གནང་། ཁོས་བཤད་རྒྱུར། ནན་ཏན་གྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་གི་འགན་འཁྲིའི་ཁག་ཁུར་རང་བཞིན་ངེས་པ་དོན་གྱིས་ཇེ་དྲག་ཏུ་བཏང་ནས། ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་གླིང་བཟང་བོར་སྒྲུབ་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་ལོ་རྒྱུས་ཞིབ་འཇུག་གི་འཇོན་ཐང་མི་སྣའི་བརྩོན་སེམས་དང་བཀོལ་སྤྱོད་ནུས་པ་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐད་ལ་འཇོག་འོས་པའི་བྱས་རྗེས་འཇོག་དགོས་ཟེར། 

ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་གླིང་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཁོངས་སུ་གཏོགས་པའི་འབྲེལ་ཡོད་ཞིབ་འཇུག་ཁང་གི་རྨང་གཞིའི་སྟེང་བཙུགས་པ་ཡིན་ལ། དེའི་ཁོངས་སུ་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་གླིང་གི་སྡེ་ཁག་དང་གནའ་རྫས་ཞིབ་འཇུག་ཁང་། གནའ་རབས་ལོ་རྒྱུས་ཞིབ་འཇུག་ཁང་། ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁང་། འཛམ་གླིང་ལོ་རྒྱུས་ཞིབ་འཇུག་ཁང་། ཀྲུང་གོའི་མཐའ་མཚམས་ཞིབ་འཇུག་ཁང་། ལོ་རྒྱུས་གཞུང་ལུགས་ཞིབ་འཇུག་ཁང་བཅས་ཡོད་ལ། རྒྱལ་ཡོངས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱ་བར་ཁྱོན་ཡོངས་ནས་གཅིག་གྱུར་མཛུབ་སྟོན་བྱེད་པ་དང་། ཐོན་ཁུངས་དང་སྟོབས་ཤུགས་ལེགས་སྒྲིག་གཏན་འཁེལ་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་འཆར་འགོད་བྱེད་པ། རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་རྩ་འཛུགས་ལག་བསྟར་བྱེད་པ། ཀྲུང་གོའི་ལོ་རྒྱུས་བཟང་བོར་བརྗོད་པ། ཀྲུང་གོའི་རིག་གནས་བརྒྱུད་སྒྲོག་བྱེད་པ་སོགས་ཀྱི་འོས་འགན་ཁུར་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།