ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

སྲོལ་ཡིག་ནང་བསྟན་དོན། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་སུ་གཏོང་བ་དང་ཏང་གིས་སྤྱི་ཚོགས་རིང་ལུགས་སློབ་གླིང་ལ་འགོ་ཁྲིད་པར་ཤུགས་སྣོན་པ། སྤྱི་ཚོགས་རིང་ལུགས་སློབ་གླིང་གི་བྱ་བ་ཚན་རིག་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་སྲོལ་ཡིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཞབས་པའི་བཅའ་ཁྲིམས་སོགས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཞིར་བཟུང་སྟེ་སྲོལ་ཡིག་དེ་གཏན་འཁེལ་བྱས་ཟེར།

སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་གཤམ་གསལ་གྱི་བྱ་བའི་བྱེད་ཕྱོགས་འགའ་རྒྱུན་འཁྱོངས་བྱེད་དགོས། གཅིག ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་གཞི་རྩའི་རིགས་གཞུང་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཡང་དག་པའི་སློབ་སྒྲུབ་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་དགོས། གཉིས། དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་གསོ་སྦྱོང་འབུར་དུ་ཐོན་པར་བྱེད་པ་དང་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་ཇེ་དྲག་ཏུ་བཏང་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གསུམ། རིགས་གཞུང་དོན་དངོས་དང་སྦྲེལ་བ་རྒྱུན་འཁྱོངས་བྱས་ཏེ་བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་གསར་སྐྲུན་བྱེད་དགོས། བཞི། མཉམ་འབྲེལ་སློབ་སྒྲུབ་དང་སྒོ་འབྱེད་སློབ་སྒྲུབ་རྒྱུན་འཁྱོངས་བྱས་ཏེ་སྤུས་ལེགས་ཐོན་ཁུངས་གཅིག་སྡུད་བྱེད་པ་དང་སློབ་སྒྲུབ་སྤུས་ཚད་ཇེ་མཐོར་གཏོང་དགོས། ལྔ། སློབ་གླིང་ལ་བཅོས་སྐྱོང་ནན་མོ་བྱེད་པ་དང་སློབ་གསོར་བཅོས་སྐྱོང་ནན་མོ་བྱེད་པ། སློབ་སྦྱོང་ལ་བཅོས་སྐྱོང་ནན་མོ་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་བཅས་རེད།

སྲོལ་ཡིག་འདི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། ཉིས་སྟོང་གསུམ་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འགྲེམ་སྤེལ་བྱས་པའི་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་བྱ་བའི་གནས་སྐབས་ལག་བསྟར་སྲོལ་ཡིག་དུས་མཉམ་དུ་ལག་བསྟར་བྱེད་མཚམས་འཇོག་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།