ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཐུར་ཁེ་གྲོས་ཁང་ཆེན་མོའི་གྲོས་དཔོན་ཡེ་ཨར་ཏི་ལེ་མུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

 ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཐུར་ཁེ་གྲོས་ཁང་ཆེན་མོའི་གྲོས་དཔོན་ཡེ་ཨར་ཏི་ལེ་མུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཐུར་ཁེ་གྲོས་ཁང་ཆེན་མོའི་གྲོས་དཔོན་ཡེ་ཨར་ཏི་ལེ་མུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཐུར་ཁེ་གཉིས་ནི་གསར་དར་ཚོང་རའི་རྒྱལ་ཁབ་ཡིན་པ་དང་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡང་ཡིན། ཅང་མ་འགོར་བའི་སྔོན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨེ་ཨར་ཏོ་ཨན་རྣམ་གཉིས་ཀྱིས་ཐུག་འཕྲད་བྱས་ནས་གྲུབ་འབྲས་བཟང་བོ་ཐོབ། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་མཉམ་ལས་བྱེད་པའི་རྨང་གཞིའི་སྟེང་མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་མཐུན་སྦྱོར་དམ་པོ་བྱེད་པ་དང་། གྲོས་ཁང་བར་གྱི་འབྲེལ་འདྲིས་དང་བཅས་པའི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་དམངས་དོན་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཀྲུང་གོ་དང་ཐུར་ཁེ་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཐུར་ཁེ་བར་དུ་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གྲོས་འགོ་བཏོན་པ་དེ་ཐུར་ཁེ་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བཟང་བོ་བྱས་ཏེ། ཕྱོགས་གཉིས་ཀྱི་ཁ་གསབ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཟེར།

ཡེ་ཨར་ཏི་ལེ་མུའུ་ཡིས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་གཟེངས་བསྟོད་བྱེད་པར་མ་ཟད་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།