ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཟུར་པ་ཁ་མཱེ་ལུན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1543371250698524.jpg

ཟླ11པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཟུར་པ་ཁ་མཱེ་ལུན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས27ཉིན་གྱི་སྔ་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཟུར་པ་ཁ་མཱེ་ལུན་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཁ་མཱེ་ལུན་གྱིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བའི་སྐབས་སུ་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་དང་མཉམ་ལས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་འབད་བརྩོན་བྱས་པར་གཟེངས་བསྟོད་གནང་བ་དང་། ཀྲུང་གོས་དབྱིན་ཇིའི་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། དབྱིན་ཇི་དང་མཉམ་དུ་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། འབྱོར་འཚོང་དང་དངུལ་རྩ་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། དངུལ་གཏོང་མཉམ་ལས་ཀྱི་སྦས་ཤུགས་སྔར་ལས་སྔོག་འདོན་བྱས་ཏེ། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བར་གཉིས་ཕན་མཉམ་རྒྱལ་དང་ཕྱོགས་གཉིས་ཀྱི་མི་དམངས་ལ་ཕན་པའི་གྲུབ་འབྲས་སྔར་ལས་མང་པོ་ལེན་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱིན་ཇི་ཡོ་རོབ་གླིང་གི་ཁོངས་ནས་ཕྱིར་འབུད་པའི་ཐད་ནས་གྲོས་ཆོད་འགོད་པ་དེར་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གཉི་ག་ཀྲུང་གོའི་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན་པས། ང་ཚོས་ཞི་བདེ་གཏན་འཇགས་དང་དར་རྒྱས་སྒོ་འབྱེད་ཀྱི་དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་ཞིག་མཐོང་འདོད་ཡོད་ལ། ཀྲུང་གོ་དང་དབྱིན་ཇི་དང་། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བ་མུ་མཐུད་དུ་བདེ་ཐང་དང་གཏན་འཇགས་ངང་གོང་འཕེལ་གཏོང་རྒྱུ་ཡིན་ལ། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་འཚོང་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། སྒོ་འབྱེད་མཉམ་ལས་ཁྲོད་དུ་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ཁ་མཱེ་ལུན་གྱིས་བསྟན་དོན། ངས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བའི་སྐབས་སུ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པས། དབྱིན་ཇི་དང་ཀྲུང་གོའི་འབྲེལ་བ་རྫོགས་ལྡན་གྱི་དུས་རབས་སུ་སླེབས་པ་རེད། དེང་སྐབས་དབྱིན་ཇི་དང་ཀྲུང་གོའི་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱི་དངུལ་གཏོང་དང་ཉོ་འཚོང་རྒྱུན་སྲིང་སྒོས་འཕེལ་བཞིན་ཡོད། དབྱིན་ཇིས་སྔར་བཞིན་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་འཚོང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།