ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཝུན་ལའེ་རྒྱལ་ཁབ་ཀྱི་སུའུ་ཏན་ཧ་སང་ནཱ་ཨར་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ལེ་པ་ཅ་ཝན་ནས་ཝུན་ལའེ་རྒྱལ་ཁབ་ཀྱི་སུའུ་ཏན་ཧ་སང་ནཱ་ཨར་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་དགུ་ཉིན་སི་ལེ་པ་ཅ་ཝན་ནས་ཝུན་ལའེ་རྒྱལ་ཁབ་ཀྱི་སུའུ་ཏན་ཧ་སང་ནཱ་ཨར་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཝུན་ལའེ་གཉིས་ཀྱི་འབྲེལ་བ་གོང་འཕེལ་བཟང་པོ་བྱུང་བར་གདེང་འཇོག་མཐོན་པོ་མཛད་པ་དང་། ཀྲུང་གོ་དང་ཝུན་ལའེ་བར་དུ་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས། ཆབ་སྲིད་ཡིད་རྟོན་དང་དཔལ་འབྱོར་མཉམ་ཕན། མི་ཆོས་མཉམ་འདྲེས། ཕྱོགས་མང་རོགས་རེས་བཅས་ཀྱི་གྲོགས་པོ་བཟང་པོ་བྱེད་རྒྱུ་གཏན་ཁེལ་བྱས།

ཞི་ཅིན་ཕིང་གིས་ཧ་སང་ནཱ་ཨར་གྱིས་དུས་ཡུན་རིང་པོར་ཀྲུང་གོ་དང་ཝུན་ལའེ་ཡི་འབྲེལ་བར་ཐུགས་ཁུར་དང་མཐོང་ཆེན་གནང་བར་གཟེངས་བསྟོད་ཆེན་པོ་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཝུན་ལའེ་བར་དུ་ལོ་རྒྱུས་རིག་གནས་ཀྱི་འབྲེལ་འདྲིས་རིང་པོ་དང་ཟབ་མོ་ཡོད། རྒྱལ་ཁབ་གཉིས་ནི་རྒྱ་མཚོས་བར་ཆོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཕན་ཚུན་བློ་གཏོད་པའི་གྲོགས་པོ་དང་སྤུན་ཟླ་ཡིན། ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཐག་བཅད་པར་བརྟེན་ནས། ཆབ་སྲིད་ཡིད་རྟོན་དང་དཔལ་འབྱོར་མཉམ་ཕན། མི་ཆོས་མཉམ་འདྲེས། ཕྱོགས་མང་རོགས་རེས་བཅས་ཀྱི་གྲོགས་པོ་བཟང་པོ་བྱས་ཏེ། མཉམ་ལས་ཀྱི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་སྔར་ལས་བཟང་པོར་བསྐྲུན་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་བཟང་པོར་སྟོན་དགོས། ཀྲུང་གོས་ཝུན་ལའེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་ལྷོད་མེད་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཝུན་ལའེ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོས་ཝུན་ལའེ་ནི་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་སྐྲུན་པའི་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་དུ་བརྩིས་ཡོད་ལ། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དེ་ཝུན་ལའེ་ཡི་དཔལ་འབྱོར་སྣ་མང་ཅན་གྱི་འཐབ་ཇུས་དང་སྦྲེལ་མཐུད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་བཟང་པོར་སྤེལ་འདོད་ཡོད། ཀྲུང་གོས་ཝུན་ལའེ་ཡི་ཁེ་ལས་ཀྱིས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་རྒྱ་བསྐྱེད་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཝུན་ལའེ་བར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་ལས། ཉ་ལས། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། གཞི་གྲངས་དཔལ་འབྱོར་དང་གློག་རྡུལ་ཚོང་དོན་སོགས་གསར་དར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་སློབ་གསོ་དང་རིག་གནས། ལུས་རྩལ། འཕྲོད་བསྟེན། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་གཞོན་རབས་པའི་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། ས་གནས་ཀྱི་བརྗེ་རེས་རྒྱ་བསྐྱེད་པ་བཅས་བྱས་ཏེ། ཁྲིམས་འཛིན་དང་འཇིགས་སྐུལ་ངོ་རྒོལ། རྒྱལ་ཁོངས་བརྒལ་བའི་ནག་ཉེས་བཟོ་བར་རྒོལ་རྡུང་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་གི་འབྲེལ་འདྲིས་མཐུན་སྦྱོར་དང་ཕན་ཚུན་གཞོགས་འདེགས་ཇེ་ཟབ་ཏུ་བཏང་སྟེ། ལག་རྡང་སྦྲེལ་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་དང་ཨེ་ཤ་ཡ་ཤར་མའི་མཉམ་ལས་འཕེལ་རྒྱས་སྔར་ལས་ཆེན་པོ་གཏོང་དགོས་ཟེར།

ཧ་སང་ནཱ་ཨར་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཐོག་དང་པོར་ཝུན་ལའེ་ལ་འཚམས་འདྲིར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ། ཐེངས་འདིའི་འཚམས་འདྲིས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་ཐུབ་ངེས། ཝུན་ལའེ་དང་ཀྲུང་གོའི་མཛའ་མཐུན་ལོ་རྒྱུས་ཧ་ཅང་རིང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་རྒྱུན་ཆད་མེད་པར་གོང་འཕེལ་དུ་འགྲོ་བཞིན་ཡོད། ཝུན་ལའེ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་གོ་སྐབས་སུ་བྱས་ནས། ཕྱོགས་གཉིས་ཀྱི་ཉོ་འཚོང་དང་དངུལ་གཏོང་། ཞིང་ལས། ཡུལ་སྐོར། སློབ་གསོ། མི་ཆོས། ཁྲིམས་འཛིན་རོགས་རེས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བདེ་སྐྱིད་འབྱུང་བར་ཡར་སྐུལ་བྱེད་འདོད་ཡོད་ཟེར།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།

ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝུན་ལའི་ཏ་ལུའུ་ས་ལན་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ།

གྲོས་མོལ་གྱི་སྔོན་མལ། ཞི་ཅིན་ཕིང་ཧ་སང་ནཱ་ཨར་གྱིས་ཕོ་བྲང་མདུན་གྱི་ཐང་ཆེན་ནས་བསྡུས་པའི་དགའ་བསུའི་མཛད་སྒོ་ཆེན་པོར་ཞུགས།

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།