ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་གསུམ་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སིང་ག་ཕོར་འགྲེམ་སྟོན་ལྟེ་གནས་ནས་ཚོགས་པའི་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་གསུམ་པར་ཞུགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་འགོ་ཁྲིད་པ་དང་དེ་མིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན། རྒྱ་གར་གྱི་ཙུང་ལི་མོ་ཏེ། ཨོ་སི་ཁྲུ་ལི་ཡའི་ཙུངབ་ལི་མོ་ལིས་སིན། ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏི་ཨུན། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཕིན་སི་སོགས་གྲོས་ཚོགས་ལ་ཞུགས་པ་དང་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་བཙུགས་ནས་ལོ་བཅུ་གསུམ་གྱི་རིང་ལ། གྲོས་ཚོགས་དེ་ཨེ་ཤ་ཡ་ཤར་མའི་ས་ཁུལ་གྱི་གྲོས་མོལ་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད། དེང་སྐབས་རྒྱལ་སྤྱིའི་གནས་བབ་བརྟན་འཇགས་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ང་ཚོས་མུ་མཐུད་དུ་འཆམ་མཐུན་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། འདྲ་མཉམ་མཐུན་མོལ་ལ་ཤུགས་སྣོན་ཞིང་ཕན་ཚུན་སྒོ་འབྱེད་ལག་བསྟར་བྱས་ནས། ཨེ་ཤ་ཡ་ཤར་མ་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་དང་འཕེལ་རྒྱས་དར་རྒྱས་སྲུང་སྐྱོབ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཨེ་ཤ་ཡ་ཤར་མའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་གྲོས་གཞི་ལྔ་བཏོན། གཅིག ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས། གཉིས། རང་མོས་ཉོ་ཚོང་སྲུང་སྐྱོབ་བྱེད་དགོས། གསུམ། ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། བཞི། ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ལྔ། ཆབ་སྲིད་བདེ་འཇགས་གྲོས་མོལ་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པ་བཅས་རེད།

ཚོགས་འདུར་ཞུགས་པའི་འགོ་ཁྲིད་པས་བཤད་རྒྱུར། དེང་སྐབས་ཀྱི་གནས་བབ་གསར་བའི་འོག་ཏུ་ཕྱོགས་སོ་སོས་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། རྒྱུན་མཐུད་འཕེལ་རྒྱས་དང་མཉམ་སྦྲེལ་མཉམ་མཐུད། ཁྱད་ཆོས་དཔལ་འབྱོར་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། དྲ་རྒྱའི་བདེ་འཇགས་དང་འཇིགས་སྐུལ་རིང་ལུགས། ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།