ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆིང་གིས་སིང་ག་ཕོར་འཆད་ཁྲིད་སྟེང་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆིང་གིས་སིང་ག་ཕོར་གྱི་འཆད་ཁྲིད་སྟེང་ཁ་ཡིག་ལ་སྒོ་འབྱེད་རྒྱུན་འཁོར་ཁྲོད་མཉམ་སྐྲུན་མཉམ་དར་བྱ་དགོས་ཞེས་པ་བརྗོད་གཞིར་བཟུང་ནས་གསུང་བཤད་གནང་། སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་མཛད་སྒོར་ཞུགས་པ་དང་ཙུང་ལི་གཞོན་པ་ཀྲང་ཀྲི་ཞན་གྱིས་མགོ་འཛིན་མཛད།

ལིས་ཁི་ཆིང་གིས་བསྟན་དོན། དེང་སྐབས་ཀྲུང་གོ་དང་སིང་ག་ཕོར་གཉིས་ཀྱི་འབྲེལ་བ་བརྟན་འཇགས་ངང་མདུན་དུ་སྐྱོད་བཞིན་ཡོད་པ་དང་། དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཉིས་སྟོང་བཅོ་ལྔ་ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སིང་ག་ཕོར་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་ནས་རྒྱལ་ཁབ་གཉིས་ཀྱིས་བབ་བསྟུན་མདུན་སྐྱོད་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་བཟུང་། མ་འོངས་པར་ཁ་ཕྱོགས་ནས་ཀྲུང་གོས་སིང་ག་ཕོར་དང་མཉམ་འབྲེལ་བྱས་ཏེ། ཐུན་མོང་གིས་རྒྱུད་གཅིག་ལམ་གཅིག་ལ་ཡར་སྐུལ་དང་མཉམ་འབྲེལ་མཉམ་མཐུད་དང་དངུལ་རྩའི་འདེགས་སྐྱོར། ཕྱོགས་གསུམ་མཉམ་ལས་ཀྱི་སྟེགས་བུ་ཆེན་པོ་གསུམ་གསར་སྐྲུན་བྱས་ནས་ཀྲུང་གོ་དང་སིང་ག་ཕོར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གསར་བ་དང་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱ་དགོས་ཟེར།

ལིས་ཁི་ཆིང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་གྱི་གནས་བབ་རྙོག་འཛིང་ཆེ་ལ་ངེས་གཏན་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད། ཕྱོགས་སོ་སོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་མང་རིང་ལུགས་ཀྱི་རྩ་དོན་ལག་བསྟར་བྱ་དགོས་པ་དང་།  ཕན་ཚུན་ལ་བརྩི་བཀུར་རྒྱུན་འཁྱོངས་དང་། གཉིས་ཕན་མཉམ་ལས། རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་གྱི་རྩ་དོན་ལྟར་ཞི་བདེའི་གྲོས་མོལ་ལ་བརྟེན་ནས་འགལ་བ་འདུམ་འགྲིག་བྱ་དགོས་ཟེར།

ལིས་ཁི་ཆིང་གིས་བསྟན་དོན། ད་རེས་འཚམས་འདྲི་བརྒྱུད་ནས་བདག་ད་དུང་ཨེ་ཤ་ཡ་ཤར་མའི་མཉམ་ལས་མགོ་ཁྲིད་པའི་ཚོགས་འདུ་རབ་དང་རིམ་པར་ཞུགས་རྒྱུ་ཡིན་ལ། གོམ་གང་མདུན་སྤོས་ཀྱིས་ཀྲུང་གོ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱ་རྒྱུ་ཡིན། རེ་བ་ནི་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས་ཉིས་སྟོང་བཅུ་དགུ་ལོའི་སྔོན་དུ་གྲོས་མོལ་མཇུག་སྒྲིལ་ནས་ཁྱོན་ཡོངས་དང་དེང་རབས། ཆུ་ཚད་མཐོན་པོ། གཉིས་ཕན་གྱི་གཏན་འཁེལ་བཅས་ལེགས་འགྲུབ་བྱ་དགོས།  དེང་སྐབས་ལྷོ་ཕྱོགས་རྒྱ་མཚོའི་གནས་བབ་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཁྱོན་ཡོངས་དང་ཕན་འབྲས་ལྡན་པའི་སྒོ་ནས་ལྷོ་ཕྱོགས་རྒྱ་མཚོའི་བྱ་སྤྱོད་བསྒྲགས་གཏམ་དངོས་འབེབ་བྱས་ནས་གྲོས་མོལ་གྱི་གཞི་རྩའི་སྟེང་མ་འོངས་པའི་ལོ་གསུམ་གྱི་རིང་ལ་ལྷོ་ཕྱོགས་རྒྱ་མཚོའི་བྱ་སྤྱོད་སྒྲིག་སྲོལ་གྲོས་མོལ་ཡོངས་འགྲུབ་བྱ་དགོས་པ་དང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་འབད་བརྩོན་བྱ་དགོས་ཟེར།

ལིས་ཁི་ཆིང་གིས་ཡུལ་དངོས་སྐུ་མགྲོན་གྱི་དྲི་བར་ལན་བཏབ་པ་དང་སིང་ག་ཕོར་གྱི་ལས་རིགས་སོ་སོའི་འཐུས་མི་ལྔ་བརྒྱ་ལྷག་གིས་ལིས་ཁིང་ཆིང་གི་གསུང་བཤད་ལ་དགའ་བསུའི་ཐལ་མོ་ཡང་ཡང་བརྡབས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།