ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཅེ་ཁྲི་དང་ཝེ་ཧྥུན་ཧི། དེ་མིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕེ་ཨོ་དང་རྒྱལ་སྲུང་པུའུ་ཀྲང་མ་ཏིས་སི་བཅས་ཀྱིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་ཡིས་ཧྭ་ཧྲིན་ཏུང་ནས་སྐོར་ཐེངས་གཉིས་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བདེ་འཇགས་གྲོས་མོལ་ལ་འགོ་འཛིན་བྱས་རྗེས། རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲུང་པུའུ་ཀྲང་གི་འགན་འཁུར་མཁན་ཝེ་ཧྥུན་ཧི་དང་དེ་མིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕེ་ཨོ་དང་རྒྱལ་སྲུང་པུའུ་ཀྲང་མ་ཏིས་སི་བཅས་དང་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

དབྱང་ཅེ་ཁྲི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐི་ལང་ཕུའུ་རྣམ་གཉིས་ཀྱིས་ཨ་ཀིན་ཐིན་ནས་ཚོགས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ་ཐུག་འཕྲད་བྱས་པར་དོན་སྙིང་གལ་ཆེན་ལྡན་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་ལ་ཤུགས་སྣོན་ཞིང་གཞོགས་འདེགས་དམ་པོ་བྱེད་པ་དང་། གྲ་སྒྲིག་གང་ལེགས་བྱས་ཏེ། ཐེངས་འདིའི་ཐུག་འཕྲད་སྟེང་གྲུབ་འབྲས་མངོན་གསལ་ཐོབ་པར་འགན་སྲུང་བྱེད་དགོས་ཟེར།

དབྱང་ཅེ་ཁྲི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་འཚོང་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་སུ་གནས་པའི་གནད་དོན་ནི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་སྒྲིག་གཞི་དང་ཐོན་ལས་ལས་བགོས། འཕེལ་རྒྱས་དུས་སྐབས་མི་འདྲ་བ་བཅས་ཀྱི་དབང་གིས་བཟོས་པ་ཡིན་ལ། གྲོས་མོལ་བྱས་པ་བརྒྱུད་དེ་ལུགས་མཐུན་སྒོས་ཐག་གཅོད་དགོས། ཕྱོགས་གཉིས་ཀྱི་ཚོགས་ཁག་གིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཉེ་ལམ་ཁ་པར་བཏང་བའི་དགོངས་དོན་ལྟར། འདྲ་མཉམ་དང་ཡིད་ཆེས་ཀྱི་རྨང་གཞིའི་སྟེང་འབྲེལ་འདྲིས་དམ་པོ་བྱས་ནས། ཕྱོགས་གཉིས་ཀྱིས་དང་ལེན་བྱེད་པའི་ཐག་གཅོད་ཇུས་གཞི་གཏན་འཁེལ་བྱེད་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།