ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ནས་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་མཁའ་སྐྱོད་འགྲེམ་སྟོན་འདུ་ཚོགས་སྐབས་བཅུ་གཉིས་པ་བསྡུས་པར་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་མཁའ་སྐྱོད་འགྲེམ་སྟོན་འདུ་ཚོགས་སྐབས་བཅུ་གཉིས་པ་ཚེས་དྲུག་ཉིན་ཀྲུའུ་ཧེ་རྒྱལ་སྤྱིའི་མཁའ་འགྲུལ་འགྲེམ་སྟོན་ལྟེ་གནས་ནས་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ནས། མཁའ་འགྲུལ་མཁའ་སྐྱོད་འགྲེམ་སྟོན་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། འགྲེམ་སྟོན་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་འཐུས་ཚབ་དང་ཁེ་ལས་པ་སོགས་ལས་རིགས་སོ་སོའི་མི་སྣ་རྣམས་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། མིའི་རིགས་ཀྱིས་གནའ་ནས་བཟུང་མཐའ་ཡས་པའི་བར་སྣང་ཁམས་ལ་རེ་སྙེག་ཆེན་པོ་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་མི་རབས་ནས་མི་རབས་བར་དུ་བར་སྣང་ཁམས་སུ་སྐྱོད་པའི་ཕུགས་འདུན་རྒྱུན་འཛིན་བྱས་ཡོད། དུས་རབས་བཅུ་དགུ་པའི་ཚུན་ལ། འཛམ་གླིང་གི་མཁའ་འགྲུལ་མཁའ་སྐྱོད་ཚན་རྩལ་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས། མིའི་རིགས་ཀྱི་ཤེས་རིག་གོང་འཕེལ་ཐད་ཡར་སྐུལ་བྱས། མ་འོངས་པར་མཁའ་འགྲུལ་མཁའ་སྐྱོད་ཚན་རྩལ་འཕེལ་རྒྱས་ཀྱིས་མིའི་རིགས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་དུས་ནམ་ཡང་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་མཁའ་འགྲུལ་མཁའ་སྐྱོད་ཚན་རྩལ་གྱི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་བྱེད་བཞིན་ཡོད། ལོ་ཉི་ཤུ་ལྷག་ལ་འབད་བརྩོན་བྱས་པ་བརྒྱུད་དེ། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་མཁའ་སྐྱོད་འགྲེམ་སྟོན་འདུ་ཚོགས་དེ་རྒྱལ་སྤྱིའི་སྟེང་ཆེས་ཤན་ཤུགས་ལྡན་པའི་མཁའ་འགྲུལ་མཁའ་སྐྱོད་རིགས་ཀྱི་ཆེས་ལས་འགྲེམ་སྟོན་ཞིག་ཏུ་གྱུར་ནས། འཛམ་གླིང་གི་མཁའ་འགྲུལ་མཁའ་སྐྱོད་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་ལེགས་པོ་འདོན་བཞིན་ཡོད། སྐབས་འདིའི་འགྲེམ་སྟོན་འདུ་ཚོགས་ཀྱིས་འཛམ་གླིང་གི་མཁའ་འགྲུལ་མཁའ་སྐྱོད་ཚན་རྩལ་འཕེལ་རྒྱས་ལ་ཤུགས་ཆེན་པོས་ཡར་སྐུལ་དང་། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བྱས་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་མཁའ་འགྲུལ་མཁའ་སྐྱོད་ལག་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་བྱས་རྗེས་འཇོག་ངེས་ཡིན་ཟེར།

འགྲེམ་སྟོན་འགོ་རྩོམ་པའི་མཛད་སྒོའི་སྟེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིས་ཞི་ཞོན་གྱིས་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས། ཞུའུ་ཆི་ལེང་དང་ཝང་ཡུང་། ཧི་ཧུ་ཧྭ། ལེང་ཀྲིན་དབྱིན་སོགས་མཛད་སྒོར་ཞུགས།

ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་མཁའ་སྐྱོད་འགྲེམ་སྟོན་འདུ་ཚོགས་སྐབས་བཅུ་གཉིས་པ་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧེ་གྲོང་ཁྱེར་ནས་བསྡུ་རྒྱུ་རེད། གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོ་བསྡུས་པའི་ཚུན་ལ། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་མཁའ་སྐྱོད་འགྲེམ་སྟོན་འདུ་ཚོགས་དེ་ཉོ་འཚོང་རང་བཞིན་དང་། ཆེད་ལས་རང་བཞིན། ལྟད་མོ་རང་བཞིན་ནས་གཅིག་ཏུ་འཛོམས་ལ། དེང་སྐབས་རྒྱལ་སྤྱིའི་མཁའ་འགྲུལ་མཁའ་སྐྱོད་ལས་རིགས་ཀྱི་སྔོན་ཐོན་ཚན་རྩལ་མཚོན་པའི་འདུ་ཚོགས་ཆེན་པོ་ཞིག་ཏུ་གྱུར་ཡོད། སྐབས་འདིའི་འགྲེམ་སྟོན་ལ་རྒྱལ་ཁབ་དང་ས་ཁུལ་བཞི་བཅུ་ལྷག་གི་ཁེ་ལས་བདུན་བརྒྱ་ལྷག་ཞུགས་ནས། འཛམ་གླིང་གི་མཁའ་འགྲུལ་མཁའ་སྐྱོད་ལས་རིགས་ཀྱི་འཕེལ་རྒྱལ་ཀྱི་ཆུ་ཚད་ཆེས་མཐོན་པོ་མངོན་པར་མཚོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།