ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་མཐོ་རིམ་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་སྟེང་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་གཉེར་ལེགས་བསྒྱུར་བྱེད་པའི་མཐོ་རིམ་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་པེ་ཅིན་ནས་ཚོགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ལིས་ཁི་ཆང་གིས་་གློག་འཕྲིན་ནང་བསྟན་དོན། ཚོང་གཉེར་ཁོར་ཡུག་ནི་ཁེ་ལས་འཚོ་གནས་འཕེལ་རྒྱས་ཀྱི་ས་ཞིང་ལྟ་བུ་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། དབང་གཏོང་དང་དོ་དམ། ཞབས་ཞུའི་བཅོས་བསྒྱུར་རྒྱུན་མཐུད་ངང་སྤེལ་ལ། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ་སོགས་ཕྱོགས་ནས་འབད་འཐད་ལྷོད་མེད་བྱས་པས། གྲུབ་འབྲས་མངོན་གསལ་བླངས་པ་དང་། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་གཏོད་ནུས་པ་ཆེར་སྐྱེད། ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ནང་དང་ཕྱི་རྒྱལ་གྱི་མ་དངུལ་བཏང་བའི་ཁེ་ལས་དང་དབང་བའི་ལམ་ལུགས་མི་འདྲ་བའི་ཁེ་ལས་ལ་ལྟ་སྟངས་གཅིག་འདྲ་འཛིན་པ་དང་འདྲ་མཉམ་འགྲན་རྩོད་ཀྱི་སྲིད་ཇུས་བཀོལ་སྤྱོད་བྱས་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱིའི་རང་བཞིན་གྱི་ཚོང་གཉེར་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། ཀྲུང་གོ་མུ་མཐུད་དུ་རྒྱལ་ནང་དང་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་དངུལ་གཏོང་འཕེལ་རྒྱས་དང་མཉམ་ལས་གཉིས་རྒྱལ་བྱེད་སའི་རྒྱལ་ཁབ་ཏུ་འགྱུར་བར་བྱེད་དགོས་ཟེར།

 ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས་བར་གྱི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བར་རེ་སྒུག་བྱས་ཡོད། ཚོགས་ཞུགས་སྐུ་མགྲོན་གྱིས་ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་བརྗོད་སྙིང་ལ་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་ཏེ། འཛམ་གླིང་གི་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སོ་སོས་རྒྱུན་མཐུད་ངང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་ཐད་རིགས་སྟོབས་འབུལ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།