ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྣམ་གྲངས་ཁག་3100ལྷག་ཙམ་ལ་ཞུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝུང་ཅེ་མིང་གིས་རྒྱལ་ཁབ་གཞུང་རྒྱུ་ཨུ་ལྷན་གྱི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུའི་ཐོག་འདས་པའི་ལོ་ལྔ་ཡི་རིང་། ཀྲུང་དབྱང་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས་ལམ་རྒྱུད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུའི་ཐོན་ཁུངས་གསར་སྤེལ། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མ་རྩ་འཇོག་པའི་རྣམ་གྲངས་དང་ལས་གྲྭ3116ཡི་འགན་ཁུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལེགས་ཆར་བརྟེན་ནས་ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་ཁེ་ལས་ཀྱིས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་དང་། ནེ་རོ་པི་ནས་མོང་པ་སའི་བར་གྱི་ལྕགས་ལམ། ཅ་ཁར་ཐ་ནས་དབན་ལུང་བར་གྱི་ལྕགས་ལམ་སོགས་ཀྱི་ལས་གྲྭའི་རྣམ་གྲངས་གལ་ཆེན་ཚུད་པའི“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་ལྕགས་ལམ་དང་། གྲུ་ཁ། གཞུང་ལམ། འཕྲིན་གཏོང་དྲ་རྒྱ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་ལ་རང་འགུལ་ངང་ཞུགས་ཡོད།

ནུས་རྒྱུའི་ཐོན་ཁུངས་མཉམ་ལས་གཏིང་ཟབ་བྱེད་པའི་ཐད། ཀྲུང་དབྱང་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དགོས་མཁོར་གཞིགས་ནས་རྒྱལ་ཁབ་20ལྷག་ལ་སྔ་རྗེས་སུ་རྡོ་སྣུམ་དང་སོལ་རླངས་མཉམ་ལས་ཀྱི་རྣམ་གྲངས་གཉེར་བ་མ་ཟད། གཏེར་ཁའི་ཐོན་ཁུངས་གསར་སྤེལ་ལ་ཞུགས་ནས་ལག་རྩལ་སྤེལ་རེས་དང་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་པས་ལམ་རྒྱུད་རྒྱལ་ཁབ་ཀྱི་ནུས་རྒྱུ་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་པའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་ནུས་ལྡན་སོང་བ་རེད།

དེ་དང་ཆབས་ཅིག ཀྲུང་དབྱང་ཁེ་ལས་ཀྱིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་དུ་རྒྱལ་སྤྱིའི་ཐོན་ནུས་དང་སྒྲིག་ཆས་བཟོ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གནས་ཡུལ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་མ་བཏང་ནས་བཟོ་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་མང་པོ་ཞིག་ལོ་སི་དང་། མོང་གོལ་རྒྱལ་ཁབ། ཧིན་རྡུ་ཉི་ཞ་ཡ་སོགས་རྒྱལ་ཁབ་ལ་དོན་འཁྱོལ་ཐུབ་སྟེ་དེ་གའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་དགོས་མཁོ་ནུས་ལྡན་ངང་བསྐངས་ཐུབ་པ་རེད།

ཝུང་ཅེ་མིང་གིས་ཀྲུང་དབྱང་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་རིང་ཁྲིམས་བཞིན་ཡིད་རྟོན་འཕེར་བའི་ལས་གཉེར་དང་ཡུལ་དེ་དང་འཚམ་པའི་འཕེལ་རྒྱས་གཏོང་ཐབས་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་དང་སྤྱི་ཕན་བྱ་གཞག་ལ་ཧུར་ཐག་ཞུགས་ནས་དེ་གའི་དམངས་འཚོ་ལེགས་གཏོང་དང་རིག་གནས་སྤེལ་རེས་ལ་སྐུལ་མ་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ཅེས་བཤད། བསྡོམས་རྩིས་ལས་མངོན་པར། མིག་སྔར་ཀྲུང་དབྱང་ཁེ་ལས་ཀྱི་ཕྱི་རྒྱལ་གྱི་ཡན་ལག་སྒྲིག་གཞི85%ཡི་ལས་མི་ས་ཆ་དེ་རང་ནས་ཡིན་པས་ཁེ་ལས་མང་པོ་ཞིག་གི་ལས་མི་ཡུལ་དེ་རང་ནས་ཡིན་ཚད90%ཡན་ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།