ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་གཉིས་མཉམ་དུ་ཀྲུང་གོ་དང་འཇར་པན་གྱི་ཚོང་ར་ཕྱོགས་གསུམ་པའི་མཉམ་ལས་གླེང་སྟེགས་སྐབས་དང་པོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལིས་ཁི་ཆང་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཉམ་དུ་ཀྲུང་གོ་དང་འཇར་པན་གྱི་ཚོང་ར་ཕྱོགས་གསུམ་པའི་མཉམ་ལས་གླེང་སྟེགས་སྐབས་དང་པོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་བསྟན་དོན། དངོས་གཉེར་མཉམ་ལས་ནི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། ད་ལོའི་ཟླ་ལྔ་བར། ངས་འཇར་པན་ལ་འཚམས་འདྲི་མཛད་སྐབས། དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་བར་མཉམ་དུ་ཚོང་ར་ཕྱོགས་གསུམ་པའི་མཉམ་ལས་སྤེལ་བའི་ཐད་ནས་ཐུན་མོང་ལྟ་བ་བྱུང་བ་དང། ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་དཔེ་གཞི་མི་ཉུང་བ་སྐྲུན་ཡོད། ཐེངས་འདིའི་གླེང་སྟེགས་སྐབས་སུ། རྒྱལ་ཁབ་གཉིས་ཀྱི་ས་གནས་སྲིད་གཞུང་དང་དངུལ་རྩའི་ལས་ཁུངས། ཁེ་ལས་བར་དུ་མཉམ་ལས་གྲོས་མཐུན་ལྔ་བཅུ་ལྷག་བཀོད་པ་དང་། དངུལ་གྲངས་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་ལྷག་ལས་བརྒལ། དེས་རྒྱལ་ཁབ་གཉིས་ཀྱིས་ཚོང་ར་ཕྱོགས་གསུམ་པའི་མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེ་བ་དང་མདུན་ལྗོངས་རྒྱ་ཆེ་བ་མཚོན་ཐུབ་ལ། དེ་ཀྲུང་གོ་དང་འཇར་པན་གྱི་དངོས་གཉེར་མཉམ་ལས་ཀྱི་འདེགས་སྐྱོར་ཀ་བ་ལྟ་བུར་འགྱུར་ངེས་ཡིན་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ནི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་བསྒྱུར་བྱེད་རྒྱུ་དེ་སྔར་བཞིན་དུ་ཀྲུང་གོ་སྲིད་གཞུང་གི་ལས་འགན་གཙོ་ཡིན། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་བོར་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩ་འགྱུར་མེད་པ་དང་། ལྷག་པར་དུ་རྩོལ་ནུས་གསར་བ་མྱུར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྒང་ཡིན་ལ། དེས་ཀྲུང་གོ་དང་འཇར་པན་གྱི་མཉམ་ལས་ཐད་གོ་སྐབས་གསར་བ་འདོན་སྤེལ་བྱས། ཀྲུང་གོ་དང་འཇར་པན་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱིས་མཉམ་དུ། མཉམ་ལས་བར་སྟོང་སྔར་ལས་རྒྱ་སྐྱེད་དེ། གྲུབ་འབྲས་གཡུར་དུ་ཟ་བ་ལེན་པའི་རེ་བ་བཅངས་ཡོད་ཟེར།

ཨན་པེ་ཅིན་སན་གྱིས་བསྟན་དོན། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་སྒོ་འབྱེད་དང་ཡོངས་གསལ། ཚོང་ར་ཅན་གྱི་རྩ་དོན་གཞིར་བཟུང་ནས། ཚོང་ར་ཕྱོགས་གསུམ་པ་ནས་མགྲོན་བདག་རྒྱལ་ཁབ་ཀྱི་དགོས་མཁོ་དང་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་མཉམ་ལས་ལས་གཞི་སྤེལ་བ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོ་ནས་ཡོང་བའི་སྐུ་མགྲོན་སྟོང་གཅིག་དང་ལྔ་བརྒྱ་ལྷག་གླེང་སྟེགས་ལ་ཞུགས།

ཝང་དབྱི་དང་དབྱང་ཁྲོན་ཐང་། ཧྭི་ལིས་ཧྥུན་བཅས་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།