ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཧྲུའུ་ཅི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་བའི་ནང་བཅོས་སྒྱུར་སྒོ་འབྱེད་སྤེལ་བའི་འཐབ་ཇུས་བྱེད་ཐབས་ཡིན་ལ། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་བརྒྱུད་རིམ་ཁྲོད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། ལོ་ལྔའི་རིང་། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། དཀའ་སྤྱད་ཀྱིས་འབད་བརྩོན་དང་ཧུར་ཐག་གིས་ཐོད་བརྒལ་བྱས་པས། བྱ་བའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་པ་དང་། ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་སྐོར་ཞིག་རྒྱལ་ཡོངས་སུ་ཁྱབ་གདལ་བྱས་ལ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་ཐད་ཚོད་ལྟའི་ནུས་པ་འདོན་སྤེལ་བྱས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མ་འོངས་པར་ཁ་ཕྱོགས་ནས། གདེང་འཇོག་དང་སྤྱི་སྡོམ་བཟང་བོ་བྱེད་པའི་རྨང་གཞིའི་སྟེང་། མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་དང་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་བཅོས་སྒྱུར་གསར་གཏོད་བྱེད་པར་ཤུགས་སྣོན་པ། རྒྱུན་མ་ཆད་པར་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ། བསྐྱར་བཀོལ་བྱེད་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་ལམ་ལུགས་གསར་གཏོད་གྲུབ་འབྲས་མང་པོ་གྲུབ་པར་བྱེད་པ། རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་དུས་རབས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་གསར་བ་རུ་འཛུགས་སྐྲུན་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།