ལིས་ཁི་ཆང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་རྣམ་གཉིས་ཀྱིས་ཧྭ་ཁྲིན་པོ་མ་ཐིས་ཞི་བཟོ་གྲྭའི་བཟོ་གྲྭ་གསར་བ་ལས་འགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན། ཧྭ་ཁྲིན་པོ་མ་ཐིས་ཞི་བཟོ་གྲྭའི་བཟོ་གྲྭ་གསར་བ་ལས་འགོ་བརྩམས་པའི་མཛད་སྒོ་ལའོ་ཉིན་ཧྲིན་དབྱང་དུ་བསྡུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་རྣམ་གཉིས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡིན་ལ། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒོ་མོ་སྔར་ལས་ཡངས་བར་ཕྱེས་པ་དང་ཚོང་རའི་ཁྱབ་རྒྱ་སྔར་ལས་ཇེ་ཆེར་བཏང་ནས། རིགས་སོ་སོའི་སྤྱི་ལ་དབང་བའི་ལམ་ལུགས་དང་ཕྱི་ནང་དངུལ་གཏོང་ཁེ་ལས་ལ་ལྟ་ཚུལ་གཅིག་འདྲ་འཛིན་པ་དང་ཚོང་གཉེར་ཁོར་ཡུག་བཟང་བོ་ཞིག་གསར་སྐྲུན་བྱེད་ངེས་ཡིན། ཕྱི་རྒྱལ་ཁེ་ལས་ཀྱིས་ཀྲུང་གོ་དང་མཉམ་ལས་བཟང་བོ་བྱས་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་མངོན་འགྱུར་བྱེད་པར་དགའ་བསུ་ཞུ་བ་ཡིན་ཟེར།

མའོ་ཁི་ཨར་གྱིས་བཤད་རྒྱུར། ད་ལོའི་ཟླ་བདུན་པར་ཙུང་ལི་ལིས་ཁི་ཆང་དང་ངེད་གཉིས་ཀྱིས་པའོ་ལིན་ནས་ཧྭ་ཁྲིན་སྡེ་ཚོགས་དང་པོ་མ་སྡེ་ཚོགས་གཉིས་ཀྱིས་འཐབ་ཇུས་རང་བཞིན་གྱི་སྤྱི་ཁོག་མཉམ་ལས་གྲོས་མཐུན་པ་བཀོད་པར་བདེན་དཔང་བྱས་པ་དེས་འཇར་མན་དང་ཀྲུང་གོའི་འཕེལ་རྒྱས་ཡུན་རིང་བརྟན་འཇགས་དང་གཉིས་ཕན་མཉམ་རྒྱལ་གྱི་དཔལ་འབྱོར་མཉམ་ལས་དང་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་བཏོན། འཇར་མན་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་རེ་སྒུག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།