ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ལྟ་ཞིབ་ཚོགས་པར་མཇལ་འཕྲད་གནང་བ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1539220503292363.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུའུ་ཞི་ཧི་དབྱིས་ཁྲིན་གྱིས་སྣེ་ཁྲིད་པའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་མི་སྣར་བསམ་འཆར་བརྗེ་རེས་བྱས་ནས་དྲན་རྟེན་མཉམ་པར་བསྐྱོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་ཀྲིན་གྱིས་ལྟ་ཞིབ་ཚོགས་པས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན་པར་མ་ཟད་གདེང་འཇོག་གལ་ཆེན་གནང་།  ཁོའི་རེ་བ་ནི་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨོ་མིན་བྱ་བར་བཏོན་པའི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཐབས་ལག་བསྟར་བྱ་དགོས་པ་དང་།བློ་ཐག་རྦད་ཆོད་ཀྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་བྱ་དགོས། བློ་བརྟན་འགྱུར་མེད་དང་ཕན་འབྲས་ལྡན་པའི་སྒོ་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་ལྟར་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ། ཕྱོགས་སོ་སོའི་ཁྱད་སྟོབས་ལ་འབྲེལ་མཐུད་གང་ལེགས་བྱས་ནས་ཧུར་ཐག་གིས་ཨོ་མིན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཚུད་པར་ཡར་སྐུལ་གཏོང་དགོས་པ་དང་། ནུས་ཤུགས་ཆེན་པོས་དཔལ་འབྱོར་སྣ་མང་ཅན་ལ་ཡར་སྐུལ་དང་སྡོད་དམངས་ཀྱི་འཚོ་བར་ལེགས་བཅོས་བྱ་དགོས་ཟེར།

ཧི་དབྱིས་ཁྲིན་གྱིས་གཏམ་བཤད་ཁྲོད་བསྟན་དོན།  ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་གཞི་རྩའི་བཅའ་ཁྲིམས་ཀྱིས་གནང་བའི་འགན་ཁུར་ལག་བསྟར་བྱས་ཏེ། ཨོ་མིན་དུས་ཡུན་རིང་བོར་དར་རྒྱས་བརྟན་འཇགས་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་ལ་ཡར་སྐུལ་གཏོང་བར་རང་ནུས་ཅི་ཡོད་ཀྱིས་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།