ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། རང་རྒྱལ་གྱི་རང་བྱུང་གནོད་འཚེ་འགོག་བཅོས་ནུས་པ་ཇེ་ཆེར་གཏོང་བ་དང་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་གནད་དོན་ལ་ཞིབ་འཇུག་བྱས། ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། རང་བྱུང་གནོད་འཚེ་འགོག་བཅོས་ནུས་པ་ཇེ་ཆེར་གཏོང་བ་དེ་རྒྱལ་ཇུས་དམངས་ཚིས་ལ་འབྲེལ་བ་ཡོད་པས། ཕན་འབྲས་མཐོ་ཞིང་ཚན་རིག་དང་མཐུན་པའི་རང་བྱུང་གནོད་འཚེ་འགོག་བཅོས་མ་ལག་འཛུགས་དགོས་པ་དང་སྤྱི་ཚོགས་ཡོངས་ཀྱི་རང་བྱུང་གནོད་འཚེ་འགོག་བཅོས་ནུས་པ་ཇེ་ཆེར་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཁྲོན་བོད་ལྕགས་ལམ་ལ་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་དང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་དོན་སྙིང་གལ་ཆེན་ལྡན་པས། ངེས་པར་དུ་དོན་ཆེན་དེ་བཟང་བོར་བསྒྲུབ་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་འཕྲལ་སྒྲུབ་དོ་དམ་པུའུ། རང་བྱུང་ཐོན་ཁུངས་པུའུ། ཆུ་བེད་པུའུ། ཚན་རྩལ་པུའུ། ཀྲུང་གོ་ལྕགས་ལམ་སྤྱིའི་ཀུང་ཟི་བཅས་ཀྱིས་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།

ཚོགས་ཐོག་ནས་བསྟན་དོན། ཁྲོན་བོད་ལྕགས་ལམ་ལ་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོབ་བྱེད་པ། མཐའ་མཚམས་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་དགོས་མཁོ་ཡིན་ལ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཡིན་པ་དང་། ཏང་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཚན་རིག་དང་མཐུན་པའི་འཆར་འགོད་དང་ལག་རྩལ་གྱི་འདེགས་ཤུགས། སྐྱེ་ཁམས་སྲུང་སྐྱོབ། བདེ་འཇགས་ཁག་ཐེག་བཅས་ཀྱི་སྤྱིའི་བསམ་ཕྱོགས་གསལ་བོར་ཤེས་བྱས་ཏེ། གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་ཞིང་ལས་གཞིའི་དུས་སྐབས་སྔོན་གྱི་བྱ་བར་གཙིགས་འཛིན་བྱེད་པ་དང་། འཛུགས་སྐྲུན་བདག་གཉེར་མ་དངུལ་འགན་སྲུང་ལ་ཤུགས་སྣོན་དགོས་ལ། ལམ་གཉིས་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་བྱ་བའི་འཆར་འགོད་འཛུགས་སྐྲུན་ལག་བསྟར་བཟང་བོ་བྱེད་དགོས་ཟེར།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།