ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མར་ཉིན་འགའི་རིང་ལ། ཀྲུང་གོའི་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཁང་དག་གིས་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། གདན་ཞུ་ལྟར་སྣེ་ལེན་ཚོགས་འདུར་ཞུགས་པའི་སྐུ་མགྲོན་དག་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མཉམ་ལས་མཉམ་རྒྱལ་གྱི་འཕེལ་རྒྱས་འདུ་ཤེས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། ཀྲུང་གོ་དང་ཀྲུང་གོ་མི་དམངས་ལ་རྟེན་འབྲེལ་ཞུས།

ཀྲུང་གོའི་ཨ་མེ་རི་ཁ་རུ་སྡོད་པའི་གཞུང་ཚབ་ཁང་གིས་བསྡུས་པའི་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་། ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་སྤེལ་བའི་ལོ་ངོ་བཞི་བཅུའི་རིང་བླངས་པའི་གྲུབ་འབྲས་ཐད་རྟེན་འབྲེལ་ཞུས།

ཀྲུང་གོའི་ཧྥ་རན་སི་རུ་སྡོད་པའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས་ནས། ཧྥ་རན་སིའི་ལས་རིགས་སོ་སོའི་མི་སྣས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་པར་བསྔགས་བརྗོད་བྱས།

ཀྲུང་གོའི་དབྱི་ཐ་ལི་རུ་སྡོད་པའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་། དབྱི་ཐ་ལིའི་སྐུ་མགྲོན་ཚོས། དབྱི་ཐ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེའི་རྒྱུན་རིང་བ་དང་། རྒྱལ་ཁབ་གཉིས་བར་གྱི་བརྗེ་རེས་གླེང་མོལ་དང་རིག་གནས་བརྗེ་རེས་ཉིན་རེ་བཞིན་གཏིང་ཟབ་ཏུ་གྱུར་ལ། དབྱི་ཐ་ལི་ཁྱོན་ཡོངས་ནས་རྒྱུད་གཅིག་ལམ་གཅིག་མཉམ་ལས་ཁྲོད་ཞུགས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཚན་རྩལ་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་སྔར་ལས་དམ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཀྲུང་གོའི་ཁྲའོ་ཞན་དུ་སྡོད་པའི་གཞུང་ཚབ་ཁང་གིས་བསྡུས་པའི་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་སྟེང་། ཁྲའོ་ཞན་ཕྱོགས་ཀྱི་སྐུ་མགྲོན་ཚོས། ཁྲའོ་ཞན་མི་དམངས་ཀྱིས་ཀྲུང་གོས་བླངས་པའི་གྲུབ་འབྲས་རླབས་ཆེན་ཡི་རང་བྱེད་ཀྱིན་ཡོད་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་འཐབ་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཁྲའོ་ཞན་དང་ཀྲུང་གོ་བར་གྱི་མཛའ་བརྩེ་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཀྲུང་གོའི་ཕ་ཁི་སི་ཐན་དུ་སྡོད་པའི་གཞུང་ཚབ་ཁང་གིས་བསྡུས་པའི་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་། ཕ་ཁི་སི་ཐན་གྱི་སྐུ་མགྲོན་གྱིས་ཀྱང་ཀྲུང་གོ་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་ལྷད་མེད་ཀྱི་སྨོན་འདུན་བརྒྱུད་སྒྲོག་བྱས།

ད་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཉི་ཤུ་ལོན་པའི་ལོ་ཡིན་པ་དང་། ཀྲུང་གོའི་ཨ་ཧྥེ་རི་ཁ་རུ་སྡོད་པའི་གཞུང་ཚབ་ཁང་གིས་བསྡུས་པའི་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་། ཚོགས་འདུར་ཞུགས་པའི་ཨ་ཧྥེ་རི་ཁ་ལྷོ་མའི་སྐུ་མགྲོན་གྱིས། ཨ་ཧྥེ་རི་ཁ་ལྷོ་མ་ནི་ཀྲུང་གོའི་ཨ་ཧྥེ་རི་ཁའི་ཉོ་ཚོང་གྲོགས་པོ་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དང་གསེར་གྱོམ་རྐྱེན་སྲོལ། རྒྱུད་གཅིག་ལམ་གཅིག་བཅས་སྒྲོམ་གཞི་འོག་མཉམ་ལས་དམ་ཟབ་བྱས་ཏེ། མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཟེར།

ཀྲུང་གོའི་རྒྱ་གར་རུ་སྡོད་པའི་གཞུང་ཚབ་ཁང་གིས་ཉེ་ལམ་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། ཚོགས་འདུར་ཞུགས་པའི་རྒྱ་གར་གྱི་སྐུ་མགྲོན་ཚོས་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ཐད་ཡིད་ཆེས་ཀྱི་ཁེངས་ཡོད་པའི་ཚུལ་བསྟན།

ཀྲུང་གོའི་པ་ཞི་རུ་སྡོད་པའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་ལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་པ་ཞི་ཕའེ་ཏི་ལའོ.ཁཱ་ཨར་མིན་ཟློས་གར་ཁང་དུ་བསྡུས། ཀྲུང་གོ་དང་ཕྱི་རྒྱལ་གྱི་གླུ་བས་མཉམ་ལེན་བྱས་པའི་ང་རང་ཁྱེད་ལ་དགའ། ཀྲུང་གོ་ཞེས་པའི་གླུ་དབྱངས་བརྒྱུད་དེ་ལཱ་ཏེན་མེ་གླིང་མི་དམངས་ཀྱིས་ཀྲུང་གོར་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས།

ཀྲུང་གོའི་ཁེན་ནི་ཡ་རུ་སྡོད་པའི་གཞུང་ཚབ་ཁང་གིས་བསྡུས་པའི་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་། ལས་རིགས་སོ་སོ་ནས་ཡོང་བའི་སྐུ་མགྲོན་ཚོས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་པ་དང་། ཀྲུང་གོ་དང་ཁེན་ནི་ཡའི་མཉམ་ལས་ཐད་ནས་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་མ་ཟད། ཀྲུང་གོ་དང་ཁེན་ནི་ཡའི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་མཉམ་ལས་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བའི་སྨོན་འདུན་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།