ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཕྱི་ཚོང་དངུལ་གཏོང་གི་ལས་གཞི་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུ་དང་། ཚོང་རྫས་ཁ་ཤས་ནང་འདྲེན་གྱི་དཔྱ་ཁྲལ་ཇེ་དམའ་རུ་གཏོང་བ་དང་འགག་སྒོ་ལས་བརྒལ་བར་མྱུར་དུ་སྟབས་བདེ་བཟོ་བའི་བྱེད་ཐབས་སྤྱོད་རྒྱུ་གཏན་ཁེལ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཡར་སྐུལ་བྱས་པ་དང་། ས་གནས་ཁ་ཤས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་ཕག་ནད་ཀྱི་གནས་ཚུལ་དང་དེར་སྔོག་འགོག་ཚོད་འཛིན་བྱེད་པའི་བྱ་བའི་ཡར་ཞུ་ལ་ཉན་ནས། དུས་རིམ་རྗེས་མར་བྱེད་ཐབས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ནས་བསྟན་དོན། དེང་སྐབས་ཀྱི་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཁ་གཏད་ནས། དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་དགོས་ན། བསྟུད་མར་ནང་མཁོ་རྒྱ་བསྐྱེད་པ་དང་མཉམ་དུ། བློ་བརྟན་འགྱུར་མེད་སྒོས་སྒོ་འབྱེད་ཚད་རྒྱ་བསྐྱེད་པ་དང་། སྔར་ལས་དགེ་མཚན་ལྡན་ཞིང་རང་འགུལ་ཡིན་པའི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། སྔར་ལས་འདྲ་མཉམ་སྟབས་བདེ་ཡིན་ལ་སྔོན་དཔག་བྱེད་ཐུབ་པ་དང་། འགུག་ཤུགས་སྔར་ལས་ལྡན་པའི་ཕྱི་ཚོང་དངུལ་གཏོང་གི་ཁོར་ཡུག་བསྐྲུན་དགོས་ཟེར།

གྲོས་ཚོགས་ནས་ཐོན་ལས་རིམ་སྤོར་དང་ཁེ་ལས་ཀྱི་མ་རྩ་ཇེ་དམར་གཏོང་བ། མང་ཚོགས་ཀྱི་རིམ་པ་མང་བའི་འཛད་སྤྱོད་སོགས་ཀྱི་དགོས་མཁོར་བསྟུན་ཆེད། ད་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་བཟུང་། བཟོ་ལས་ཐོན་རྫས་སོགས་ཚོང་རྫས་སྟོང་གཅིག་དང་ལྔ་བརྒྱ་གྱ་ལྔའི་ནང་འདྲེན་གྱི་དཔྱ་ཁྲལ་ཇེ་དམའ་རུ་གཏོང་རྒྱུ་དང་། རྒྱལ་ནང་གི་ཁྲོམ་རར་དགོས་མཁོ་ཆེ་བའི་བཟོ་སྐྲུན་འཕྲུལ་ཆས་དང་ཚད་འཇལ་སྤྱོད་ཆས་སོགས་འཕྲུལ་གློག་སྒྲིག་ཆས་སོགས་ཀྱི་ཆ་སྙོམས་དཔྱ་ཁྲལ་བསྡུ་ཚད་དེ་བརྒྱ་ཆའི་བཅུ་གཉིས་ལྷག་ནས་བརྒྱ་ཆའི་བརྒྱད་ལྷག་ལ་ཇེ་དམར་གཏོང་རྒྱུ། འཁེལ་འཐག་ཐོན་རྫས་དང་འཛུགས་སྐྲུན་རྒྱུ་ཆ་སོགས་ཚོང་རྫས་ལ་དཔྱ་ཁྲལ་བསྡུ་ཚད་བརྒྱ་ཆའི་བཅུ་གཅིག་ལྷག་ནས་བརྒྱ་ཆའི་བརྒྱད་ལྷག་ལ་ཇེ་དམར་གཏོང་རྒྱུ་མ་ཟད། རིགས་འདྲ་དང་ཉེ་མཚུངས་ཀྱི་ཚོང་རྫས་ཀྱི་ཁྲལ་རིམ་ཇེ་དམར་གཏོང་རྒྱུའི་ཐག་བཅད།

གྲོས་ཚོགས་ནས་འགག་སྒོ་ལས་བརྒལ་བར་མྱུར་དུ་སྟབས་བདེ་བཟོ་རྒྱུའི་ཐག་བཅད། ད་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་སྔོན་ལ་ཕྱིར་གཏོང་ནང་འདྲེན་གོ་རིམ་ནས་ཞིབ་བཤེར་ཚད་ལེན་བྱེད་དགོས་པའི་ལྟ་སྐུལ་དོ་དམ་དཔང་ཡིག་དེ་བརྒྱད་ཅུ་གྱ་དྲུག་ནས་བཞི་བཅུ་ཞེ་བརྒྱད་ལ་ཇེ་ཉུང་དུ་གཏོང་རྒྱུ་རེད།

གྲོས་ཚོགས་ནས་བསྟན་དོན། ཟླ་བརྒྱད་པའི་ཚུན་ལ་ཨ་ཧྥེ་རི་ཁ་གླིང་གི་ཕག་ནད་རང་རྒྱལ་གྱི་ཞིང་ཆེན་མང་པོར་སིལ་བུར་མཆེད་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་མྱུར་དུ་ཐག་གཅོད་བྱས་ཏེ་བྱ་བ་འབོར་ཆེན་བསྒྲུབས་པས། མིག་སྔར་རིམས་ནད་ཁྱབ་ཚད་ཇེ་ཆེར་སོང་མེད། མུ་མཐུད་དུ་ལྷོད་གཡེང་མེད་པར་སྔོན་འགོག་ཚོད་འཛིན་བྱ་བ་དམ་འཛིན་བྱེད་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།