ཀྲུང་གོ་བོད་ཀྱི་དྲ་བ།

​ཧན་ཀྲིན་གྱིས་པེ་ཅིན་ནས་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་མཱ་མེན་དང་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་ནས་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་མཱ་མེན་དང་ཐུག་འཕྲད་བྱས།

ཧན་ཀྲིན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་སྣེ་ཁྲིད་བྱས་འོག ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ། ད་ལོའི་ཟླ་དྲུག་པར་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཡང་བསྐྱར་ཐུག་འཕྲད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་འཆར་འགོད་དང་བཀོད་སྒྲིག་གསར་བ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ཏེ། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

མཱ་མེན་གྱིས་བཤད་རྒྱུར། ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་དེ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བའི་དཔེ་སྟོན་དུ་གྱུར་ཡོད་པ་དང་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་མཉམ་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་འོད་ཟེར་བགྲོད་ལམ་དང་རྒྱུད་གཅིག་ལམ་གཅིག་འབྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་མཉམ་ལས་ཀྱི་འཆར་གཞི་ཆེན་པོར་ཞིབ་འཇུག་དང་གཏན་འཁེལ་བྱས་ནས། ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བར་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།