ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུའི་རྒྱལ་སྤྱིའི་དམག་དོན་མཉམ་ལས་གཞུང་སྒྲུབ་ཁང་གིས་ཨ་མེ་རི་ཁས་ཀྲུང་གོའི་དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་དང་དེའི་འགན་ཁུར་པར་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྒྲགས་པར་རྒོལ་གཏམ་ནན་མོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར། ཀྲུང་དབྱང་དམག་ཨུའི་རྒྱལ་སྤྱིའི་དམག་དོན་མཉམ་ལས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཧོང་ཞུའེ་ཕིང་གིས་ཀྲུང་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་རྒྱལ་སྲུང་དྲག་དཔོན་ཚབ་མ་མིན་ཅི་ཝེ་བོས་ཏེ། ཨ་མེ་རི་ཁས་ཀྲུང་གོའི་ཀྲུང་དབྱང་དམག་ཨུའི་སྒྲིག་ཆས་འཕེལ་རྒྱས་པུའུ་དང་དེའི་འགན་ཁུར་པར་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྒྲགས་པར་ཚ་འདྲི་ནན་མོ་བྱས་པ་དང་རྒོལ་གཏམ་བཏང་།

ཧོང་ཞུའེ་ཕིང་གིས་བཤད་རྒྱུར། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་ནི་བདག་དབང་རྒྱལ་ཁབ་ཕན་ཚུན་བར་དུ་སྤེལ་བའི་རྒྱུན་ལྡན་གྱི་མཉམ་ལས་ཡིན་ལ། དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཐུན། ཨ་མེ་རི་ཁས་ཀྲུང་གོའི་དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་དང་དེའི་མཐོ་རིམ་དམག་དཔོན་ལ་ལུགས་མེད་ཀྱི་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་འཛེམ་མེད་དུ་བསྒྲགས་པ་དེ་ནི་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་མངོན་སུམ་དུ་རྡོག་བརྫིས་བཏང་བ་ཞིག་ཡིན་པ་དང་། བཙན་དབང་རིང་ལུགས་ཀྱི་མཚོན་རྟགས་གསལ་པོ་ཡིན་ལ། དེས་རྒྱལ་ཁབ་གཉིས་དང་དམག་དཔུང་གཉིས་བར་གྱི་འབྲེལ་བར་གཏོར་བརླག་ཚབས་ཆེན་བྱས་ཡོད་པ་དང་། ཐ་ཤལ་གྱི་བྱ་སྤྱོད་ཅིག་རེད། ཀྲུང་གོས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་ཡིན་ལ་དེ་དང་ལེན་གཏན་ནས་མི་བྱེད། རང་གི་ལངས་ཕྱོགས་ནན་མོ་མཚོན་ཆེད། ཀྲུང་གོས་ཨ་མེ་རི་ཁ་ན་རྒྱལ་སྤྱིའི་མཚོ་ཐོག་སྟོབས་ཤུགས་ཀྱི་དཔྱད་གླེང་ཚོགས་འདུ་སྐབས་ཉེར་གསུམ་པར་ཞུགས་བཞིན་པར་མ་ཟད་ཨ་མེ་རི་ཁའི་མཚོ་དམག་ལ་འཚམས་འདྲི་བྱེད་རྩིས་ཡོད་པའི་ཀྲུང་གོའི་མཚོ་དམག་གི་དམག་སྤྱི་ཧྲིན་ཅིན་ལུང་མྱུར་དུ་ཕྱིར་འབོད་རྒྱུ་དང་། ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་པེ་ཅིན་ནས་བསྡུ་རྩིས་ཡོད་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་དམག་དཔུང་གཉིས་ཀྱི་མཉམ་འབྲེལ་ཇུས་འདོན་ཁང་གི་གྲོས་མོལ་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་གཉིས་པ་རྗེས་སུ་བསྣུར་རྒྱུའི་ཐག་བཅད་པ་ཡིན། ཀྲུང་གོས་ཨ་མེ་རི་ཁ་ཕྱོགས་ཀྱིས་མྱུར་དུ་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་འབྲེལ་ཡོད་བཀག་སྡོམ་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན་པ་ཡིན་ལ། ཀྲུང་གོའི་དམག་དཔུང་ལ་ད་དུང་བཀག་སྡོམ་ངོ་རྒོལ་གྱི་བྱེད་ཐབས་དེ་ལས་ནན་མོ་སྤྱོད་པའི་དབང་ཆ་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།