ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བདུན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བདུན་པ་ཚེས་ཉི་ཤུ་ཉིན་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་ཚོགས་བསྡུ་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ནུབ་རྒྱུད་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ནི་ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་བྱེད་པའི་སྒེའུ་ཁུང་གལ་ཆེན་ཡིན་ལ། དེས་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་ཞུགས་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་སྟེགས་བུ་གལ་ཆེན་བསྐྲུན་ཡོད། ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ས་རྒྱ་ཡངས་ཤིང་ཆེ་བ་དང་། ཐོན་ཁུངས་ཕུན་སུམ་ཚོགས་ལ། གོ་སྐབས་ཀྱིས་ཁེངས་ཡོད་པ་དང་ཐུན་མིན་གྱི་ས་ཁོངས་ཁྱད་སྟོབས་ལྡན། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱས་ཏེ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཀྲུང་གོའི་ནུབ་རྒྱུད་ས་ཁུལ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་ཧུར་ཐག་གིས་ཞུགས་ཏེ། སྐྱེ་སྟོབས་དང་གསོན་ཤུགས་སྔར་ལས་ཆེན་པོ་འདོན་རྒྱུ་ཡིན་པ་དང་། ས་ཁོངས་དང་མཚོ་ཁོངས་ཕྱི་ནང་མཉམ་འགུལ་དང་། ཤར་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་གཞོགས་འདེགས་ཀྱི་སྒོ་འབྱེད་རྣམ་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་ངེས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐབས་འདིའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུས་ཀྲུང་གོའི་དུས་རབས་གསར་པ་དང་། ནུབ་རྒྱུད་ཀྱི་བྱ་གཞག་གསར་པ་ཞེས་པ་བརྗོད་གཞིར་བཟུང་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་དམ་དུ་དམིགས་ཡོད་པས། ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱེད་པའི་དོན་སྙིང་ལེགས་པོ་ལྡན། ཚོགས་འདུར་ཞུགས་པའི་སྐུ་མགྲོན་རྣམས་ཀྱིས་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཕན་ཚུན་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་པ། སྒོ་འབྱེད་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་པ་བཅས་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།