ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁང་གིས《འཛད་སྤྱོད་ཡར་སྐུལ་གྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་སྡོད་དམངས་ཀྱི་འཛད་སྤྱོད་སྦས་ཤུགས་སྔར་ལས་བསྐྱེད་པའི་སྐོར་གྱི་བསམ་འཆར་རབ་དང་རིམ་པ》དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན《འཛད་སྤྱོད་ཡར་སྐུལ་གྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་སྡོད་དམངས་ཀྱི་འཛད་སྤྱོད་སྦས་ཤུགས་སྔར་ལས་བསྐྱེད་པའི་སྐོར་གྱི་བསམ་འཆར་རབ་དང་རིམ་པ》དཔར་ནས་བཀྲམ།

《བསམ་འཆར》ལས་བསྟན་དོན། འཛད་སྤྱོད་ནི་མཇུག་མཐའི་དགོས་མཁོ་ཡིན་པ་དང་། ཐོན་སྐྱེད་ཀྱི་མཇུག་མཐའི་དམིགས་ཡུལ་དང་སྒུལ་ཤུགས་ཡིན་པར་མ་ཟད། མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོའི་ཐད་ཀར་གྱི་མཚོན་བྱེད་ཀྱང་ཡིན། འཛད་སྤྱོད་ཡར་སྐུལ་གྱི་སྒྲིག་སྲོལ་རྐྱེན་སྲོལ་མྱུར་དུ་འཐུས་ཚང་དུ་བཏང་ནས། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་རྨང་གཞི་རང་བཞིན་གྱི་ནུས་པ་ཇེ་ཆེར་བཏང་ན། ཐོན་སྐྱེད་དང་འཛད་སྤྱོད་སོགས་རྒྱལ་དམངས་དཔལ་འབྱོར་གྱི་བསྡུར་ཚད་ཆེན་པོའི་འབྲེལ་བ་ལེགས་སྒྱུར་བྱེད་པར་ཕན་པ་དང་། དགོས་མཁོའི་ཁྲིད་སྟོན་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཉིས་ཀྱིས་ཕན་ཚུན་ལ་སྐུལ་འདེད་གཏོང་བར་ཕན་ལ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་ལ་ཡང་ཕན།

《བསམ་འཆར》ལས་ནན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱིས་འཛད་སྤྱོད་གཞི་ཁྱོན་རྒྱ་བསྐྱེད་པ་དང་། འཛད་སྤྱོད་ཆུ་ཚད་མཐོར་འདེགས་གཏོང་བ། འཛད་སྤྱོད་སྒྲིག་གཞི་ལེགས་བཅོས་བྱེད་པ་སོགས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་མོད། ཡིན་ནའང་དེང་སྐབས་འཛད་སྤྱོད་རྒྱ་བསྐྱེད་དང་རིམ་སྤོར་གྱི་སྒྲིག་སྲོལ་རྐྱེན་སྲོལ་ལ་ཚོད་འཛིན་བྱེད་པའི་བཀག་རྒྱ་ཡང་སྔར་བཞིན་འབུར་དུ་ཐོན་ཡོད་པ་དང་། ཁྱབ་ཁོངས་གལ་ཆེན་གྱི་འཛད་སྤྱོད་ཁྲོམ་རས་ད་དུང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རིམ་པ་མང་བ་དང་སྣ་མང་བའི་འཛད་སྤྱོད་ཀྱི་དགོས་མཁོ་ནུས་ལྡན་སྒོས་བསྐོང་ཐུབ་བཞིན་མེད་པ། ཡིད་རྟོན་མ་ལག་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་རྐྱེན་སྲོལ་གྱིས་ད་དུང་ནུས་པ་ལེགས་པོ་འདོན་ཐུབ་བཞིན་མེད་པ་སོགས་ཀྱང་ཤེས་དགོས།

《བསམ་འཆར》ལས། སྔར་ལས་ཆ་རྐྱེན་འཛོམས་པའི་འཛད་སྤྱོད་ཁག་བགོས་ཁྲོམ་ར་བཙུགས་ནས། འཛད་སྤྱོད་ཀྱི་འཕར་སྣོན་བྱེད་ས་གསར་པ་རྒྱ་བསྐྱེད་དགོས་པ་དང་། རྒྱུ་སྤུས་ཚད་གཞི་དང་ཡིད་རྟོན་མ་ལག་འཐུས་ཚང་དུ་བཙུགས་ནས། བདེ་འཇགས་ཡིན་ལ་བློ་གཏད་ཆོག་པའི་འཛད་སྤྱོད་ཀྱི་ཁོར་ཡུག་བསྐྲུན་དགོས་པ། སྲིད་ཇུས་ཆ་སྡེབས་དང་དྲིལ་སྒྲོག་ཁྲིད་སྟོན་ཇེ་དྲག་ཏུ་བཏང་ནས། སྡོད་དམངས་ཀྱི་འཛད་སྤྱོད་ནུས་པ་དང་སྔོན་དཔག་ཐད་ཀྱི་བཀོད་སྒྲིག་འཐུས་ཚང་དུ་གཏོང་དགོས་པ་བཅས་ཀྱི་སྤྱིའི་བླང་བྱ་བཏོན།

《བསམ་འཆར》ལས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འཛད་སྤྱོད་ཡར་སྐུལ་གྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། རྩ་འཛུགས་འགོ་ཁྲིད་ལ་དངོས་སུ་ཤུགས་བསྣན་ནས། བཅོས་སྒྱུར་གྱི་ལས་འགན་དང་སྲིད་ཇུས་ཀྱི་དངོས་འབེབས་རེ་རེ་བཞིན་དུ་དམ་འཛིན་བཟང་པོ་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།