ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཉིན་ཞ་དམག་ཁུལ་དང་དྲག་ཆས་ཉེན་རྟོག་ཉིན་ཞ་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་གི་འཐུས་མི་ལ་འཚམས་འདྲི་བྱས་པར་མ་ཟད་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས19ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་སྐོར་ཞིག་ཁྲིད་དེ་ཉིན་ཞ་དམག་ཁུལ་དང་དྲག་ཆས་ཉེན་རྟོག་ཉིན་ཞ་སྤྱི་ཁྱབ་རུ་ཁག་ལ་སོང་ནས་འཚམས་འདྲི་བྱས་པར་མ་ཟད། རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་བ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་ཚབ་མཛད་དེ་ཚང་མར་བླ་མེད་གུས་འདུད་ཞུས་པ་དང་བརྩེ་བའི་འཚམས་འདྲི་ཞུས།

ཉིན་ཞའི་དམག་ཁུལ་དང་ཉིན་ཞ་ན་སྡོད་པའི་དམག་དཔུང་གི་དཔོན་དམག་གི་འཐུས་མི་ལ་འཚམས་འདྲི་བྱེད་སྐབས། ཝང་དབྱང་གིས་ཉིན་ཞའི་དམག་ཁུལ་དང་ཉིན་ཞ་ན་སྡོད་པའི་དམག་དཔུང་གི་དཔོན་དམག་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། གནས་བབ་གསར་བའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་ནན་མོ་བྱེད་དགོས་ལ། ཆབ་སྲིད་དམག་འཛུགས་དང་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་དམག་དར། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་བཀོད་འདོམས་ལ་ཉན་པ་དང་དམག་འཁྲུག་ལས་རྒྱལ་ཕོད་པ། སྤྱོད་ཚུལ་ལེགས་པའི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས།

དྲག་ཆས་ཉེན་རྟོག་ཉིན་ཞའི་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་གི་འཐུས་མི་ལ་འཚམས་འདྲི་བྱེད་སྐབས། ཝང་དབྱང་གིས་དྲག་ཆས་ཉེན་རྟོག་ཉིན་ཞའི་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་ཡོངས་ཀྱིས་འདུ་ཤེས་བཞི་བརྟན་པོར་ཆགས་པར་བྱས་ཏེ།  བློ་ཐག་རྦད་ཆོད་སྒོས་ཏང་གི་བཀོད་འདོམས་ལ་ཉན་པ་དང་ཏང་ཀྲུང་དབྱང་གི་དབང་ཟིལ་དང་དཀྱིལ་སྙིང་སྲུང་སྐྱོབ་བྱེད་དགོས་ལ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་སྲུང་སྐྱོབ་དང་ལག་བསྟར་བྱས་ནས་ནམ་ཡང་ཏང་དང་མི་དམངས་ཀྱི་སྐུ་སྲུང་དམག་མི་བཟང་བོ་ཞིག་བྱེད་དགོས་ཞེས་གསུངས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།