ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་པེ་ཅིན་ནས་ཝུའུ་ཙི་པེ་ཁི་སི་ཐན་ཆེས་མཐོའི་གྲོས་ཚོགས་ཁྲིམས་འཛུགས་གླིང་གི་ཀྲུའུ་ཞི་དབྱི་སི་མོ་དབྱི་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180919095732kvGY.jpg

ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཝུའུ་ཙི་པེ་ཁི་སི་ཐན་ཆེས་མཐོའི་གྲོས་ཚོགས་ཁྲིམས་འཛུགས་གླིང་གི་ཀྲུའུ་ཞི་དབྱི་སི་མོ་དབྱི་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཝུའུ་ཙི་པེ་ཁི་སི་ཐན་ཆེས་མཐོའི་གྲོས་ཚོགས་ཀྱི་ཁྲིམས་འཛུགས་ཁང་གི་ཀྲུའུ་ཞི་དབྱི་སི་མོ་དབྱི་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་ཆེན་པོ་གནང་། ཁོང་གིས་གསུངས་རྒྱུར། ད་ལོའི་ཟླ་དྲུག་པར་ཚོགས་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཆིན་ཏོ་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མུས་ཨར་ཅི་ཡོ་ཡེ་ཧྥུའུ་རྣམ་གཉིས་ཀྱིས་ཐུག་འཕྲད་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་རབ་དང་རིམ་པ་བཏོན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་འཆར་འགོད་གསར་བ་བཟོས། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཆེས་མཐོའི་གྲོས་ཚོགས་ཁྲིམས་འཛུགས་གླིང་དང་མཉམ་དུ་འབྲེལ་འདྲིས་དམ་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་བློ་འདོན་ཇུས་འབུལ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་འདོད་ཡོད་ཟེར།

དབྱི་སི་མོ་དབྱི་ལོ་ཧྥུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཐོང་ཆེན་དང་དངོས་སུ་སྐུལ་འདེད་བཏང་འོག ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ། ཝུའུ་ཙི་པེ་ཁི་སི་ཐན་ཆེས་མཐོའི་གྲོས་ཚོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་མཛའ་མཐུན་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།