ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་ཞི་ཅིན་ཕིང་སོགས་ཚོགས་འདུར་ཞུགས་ནས་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཞུགས་ནས་རྟེན་འབྲེལ་ཞུས། ཧན་ཀྲིན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་ཞུ་ཚིག་ཕུལ།

རྔམ་བརྗིད་ལྡན་པའི་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད་ལ། ཀྲུའུ་ཞིའི་སྟེགས་བུའི་ཀླད་དུ་ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་ཞེས་པའི་ཚོགས་རྟགས་བཀལ་ཡོད། རྒྱབ་རས་ཀྱི་དཀྱིལ་དུ་ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྟགས་བཀལ་ཡོད་པའི་ལོགས་གཉིས་སུ་དར་དམར་བཅུ་བསྒྲིགས་ཡོད། ཉིས་ཐོག་གི་གཟིགས་སྟེགས་སྟེང་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། དུས་རབས་གསར་པའི་དབང་བོ་སྐྱོན་ཅན་ལས་དོན་གྱི་རྣམ་པ་གསར་པ་སྐྲུན་ནས། དབང་བོ་སྐྱོན་ཅན་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཛེས་པའི་འཚོ་བ་གསར་སྐྲུན་བྱེད་ཅེས་བྲིས་པའི་འཕྲེད་བྱང་བཀལ་ཡོད།

རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་འཐུས་མི་དྲུག་བརྒྱ་ལྷག་གིས་དབང་བོ་སྐྱོན་ཅན་བྱེ་བ་བརྒྱད་དང་ས་ཡ་ལྔའི་མངགས་བཅོལ་དང་དུ་བླངས་ནས་ཚོགས་ཆེན་ལ་ཞུགས།

སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཚོགས་རར་ཐོན་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་ནས་ཚོགས་འགོ་བརྩམས།

ཧན་ཀྲིན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཁ་ཡིག་ལ་དུས་རབས་གསར་པའི་རླབས་ཆེན་མདུན་སྐྱོད་ཁྲོད་དུ་དབང་བོ་སྐྱོན་ཅན་ལ་སྔར་ལས་བདེ་སྐྱིད་མཛེས་སྡུག་གི་འཚོ་བ་གསར་པ་བསྐྲུན་དགོས་ཞེས་པའི་ཞུ་ཚིག་ཕུལ། ཧན་ཀྲིན་གྱིས་ཐོག་མར་ཚོགས་ཆེན་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དབང་བོ་སྐྱོན་ཅན་དང་། དབང་བོ་སྐྱོན་ཅན་གྱི་ཁྱིམ་མི་གྲོགས་པོ། དབང་བོ་སྐྱོན་ཅན་གྱི་བྱ་བ་སྒྲུབ་མཁན་བཅས་ལ་བརྩེ་བའི་འཚམས་འདྲི་ཞུས།

ཧན་ཀྲིན་གྱིས་ཞུ་ཚིག་འབུལ་སྐབས་གསུངས་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་དབང་བོ་སྐྱོན་ཅན་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གོང་འཕེལ་བྱུང་བ་དང་ཕན་འབྲས་མངོན་གསལ་ཐོབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་བོ་སྐྱོན་ཅན་དང་དབང་བོ་སྐྱོན་ཅན་གྱི་ལས་དོན་གོང་འཕེལ་ཐད་བླང་བྱ་གསལ་པོ་རབ་དང་རིམ་པ་བཏོན་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་དབང་བོ་སྐྱོན་ཅན་ལས་དོན་གྱི་གོང་འཕེལ་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཡང་དག་པའི་རིན་ཐང་འདུ་ཤེས་འཛུགས་པ་དང་། ཉམ་ཆུང་ལ་རོགས་སྐྱོབ་ཡོད་པར་བྱེད་པའི་རྩ་དོན་དང་ལངས་ཕྱོགས་བརྟན་སྲུང་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་གི་ལས་འགན་ཡོངས་འགྲུབ་བྱེད་པ། དབང་བོ་སྐྱོན་ཅན་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་བ་དང་མཉམ་དུ་འབྱོར་ཕྱུག་ལྡན་པར་བྱེད་པ། དབང་བོ་སྐྱོན་ཅན་གྱི་ལས་དོན་གོང་དུ་སྤེལ་བ་དེ་ལོ་གཅིག་གི་ལས་འགན་དུ་བརྩི་བ་བཅས་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་མདུན་སྐྱོད་ཁྲོད་དུ་དབང་བོ་སྐྱོན་ཅན་ལ་སྔར་ལས་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་བསྐྲུན་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དབང་བོ་སྐྱོན་ཅན་ཁྲིད་ནས་མཉམ་དུ་མཛེས་པའི་མ་འོངས་པའི་ཕྱོགས་སུ་སྐྱོད་དགོས་ལ། རིམ་པ་སོ་སོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་ནུས་དངོས་སུ་ལག་བསྟར་བྱེད་དགོས་པ་དང་། རྒྱ་ཆེའི་དབང་བོ་སྐྱོན་ཅན་གྱིས་རང་རྟོགས་སྒོས་རང་གི་ཕུགས་བསམ་དེ་ཀྲུང་གོའི་ཕུགས་འདུན་དང་དམ་དུ་སྦྲེལ་ནས། འབད་བརྩོན་ཆེན་པོས་དུས་རབས་གསར་པའི་དབང་བོ་སྐྱོན་ཅན་ལས་དོན་གོང་འཕེལ་གྱི་རྣམ་པ་གསར་པ་བསྐྲུན་དགོས་ཟེར།

ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧེ་ཏིས་ཀྱིས་ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་ཚོགས་པ་སྐབས་དྲུག་པའི་ཚབ་བྱས་ནས་ཚོགས་ཆེན་སྟེང་ཁ་ཡིག་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། དབང་བོ་སྐྱོན་ཅན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཉམ་དུ་མཛེས་སྡུག་གི་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་སྐྱོད་དགོས་ཞེས་པའི་བྱ་བའི་སྙན་ཞུ་ཕུལ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཁ་ཤས་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས། དམངས་ཚོགས་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ་སོ་སོ། པེ་ཅིན་གྲོང་ཁྱེར་བཅས་ཀྱི་འགན་ཁུར་བློ་མཐུན་དང་། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པའི་འཐུས་མི་སོགས་བསྡོམས་པས་མི་སྟོང་གསུམ་ཙམ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།