ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180913090815YatL.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིནཕིང་གིས་ཚེས་བཅུ་གཉིས་ཉིན་ཧྥོ་ལ་ཏེ་ཝོ་སི་ཐོ་ཁི་ནས་འཇར་པན་གྱི་དབུ་བཞུགས་བློན་ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིནཕིང་གིས་ཚེས་བཅུ་གཉིས་ཉིན་ཧྥོ་ལ་ཏེ་ཝོ་སི་ཐོ་ཁི་ནས་འཇར་པན་གྱི་དབུ་བཞུགས་བློན་ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་ཐོག་མར་འཇར་པན་ཀོན་ཞི་ས་ཁུལ་དང་པེ་ཧེ་ཏའོ་ནས་ཉེ་སྔོན་བྱུང་བའི་མཚོ་རླུང་དང་ས་འགུལ་གྱི་གནོད་འཚེ་ལས་སོ་སོར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བྱུང་བའི་ཐད་ནས་འཚམས་འདྲི་བྱས། ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་གནས་བབ་ལ་གཞི་ནས་རྙོག་འཛིང་གི་འགྱུར་ལྡོག་སྣ་ཚོགས་འབྱུང་བཞིན་ཡོད་པ་དང་། གཏན་འཇགས་མིན་པ་དང་གཏན་འཁེལ་བྱེད་དཀའ་བའི་རྒྱུ་རྐྱེན་སྣ་ཚོགས་ཇེ་མང་ལ་འགྲོ་བཞིན་ཡོད། ཀྲུང་གོ་དང་འཇར་པན་གཉིས་ནི་འཛམ་གླིང་གི་དཔལ་འབྱོར་ཚོགས་པ་གཙོ་བོ་དང་ས་ཁུལ་གྱི་གལ་ཆེ་བའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཐུན་མོང་གི་འོས་འགན་ཁུར་དུ་བླངས་ཏེ། འཛམ་གླིང་ཡོངས་ལ་སྲུང་སྐྱོང་དང་ས་ཁུལ་གྱི་ཞི་བདེ་འཇགས་གཏན་འཇགས་དང་དར་རྒྱས་གོང་འཕེལ་གྱི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་དགོས། ད་ལོ་ནི་ཀྲུང་གོ་དང་འཇར་པན་གཉིས་ཀྱིས་ཞི་བདེ་འཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་ངོ་བཞི་བཅུ་ལོན་པའི་ལོ་རེད། ཉེ་བའི་དུས་སྐབས་ཤིག་གི་རིང་ལ་དབུ་བཞུགས་བློན་ཆེན་དང་འཇར་པན་སྲིད་གཞུང་གིས་ཐེངས་མང་པོར་ཀྲུང་གོའི་འབྲེལ་བའི་ཐད་ནས་ཧུར་བརྩོན་རང་བཞིན་གྱི་རྣམ་འགྱུར་མང་པོ་བསྟན་པ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཞི་ནས་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པར་མ་ཟད། འཕེལ་རྒྱས་དང་ལེགས་བཅོས་ཀྱི་གོ་སྐབས་གལ་ཆེན་དང་འཕྲད་ཡོད། གནས་བབ་གསར་བའི་འོག་ཏུ་ང་ཚོ་མུ་མཐུད་དུ་མདུན་སྐྱོད་བྱེད་པ་དང་ལེགས་བཅོས་ཀྱི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་གཏན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་ལེན་དགོས་ཟེར།

 ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་བརྩི་སྲུང་བྱེད་པ་དང་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བ། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཚུལ་དང་མི་མཐུན་པའི་འཛུགས་སྐྲུན་རང་བཞིན་གྱི་དོ་དམ་ཚོད་འཛིན་དང་། ལྷག་པར་དུ་ལོ་རྒྱུས་རང་བཞིན་གྱི་འགལ་བ་དང་ཐེ་ཝན་སོགས་ཀྱི་གནད་དོན་གལ་ཆེན་ཡང་དག་པའི་སྒོ་ནས་ཐག་གཅོད་ལེགས་པོ་བྱེད་པ་དང་། ཧུར་བརྩོན་རང་བཞིན་གྱི་ཁོར་ཡུག་བཟང་བོ་བསྐྲུན་ནས། ཐུན་མོང་གི་ཁེ་ཕན་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེར་གཏོང་དགོས་ཟེར། 

ཨན་པེ་ཅིན་སན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་པན་ལ་མཚོ་རླུང་དང་ས་འགུལ་གྱི་གནོད་འཚེ་ཐེབས་པའི་ཐད་ནས་འཚམས་འདྲི་བྱས་པར་བཀའ་དྲིན་ཆེ་ཞུས། ཨན་པེ་ཡིས་བསྟན་དོན། འཇར་པན་དུས་ཡུན་རིང་བོར་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་ཁྲོད་ཞུགས་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཇར་པན་ཕྱོགས་ལ་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་ཐོན་ཡོད། མིག་སྔར་འཇར་པན་དང་ཀྲུང་གོའི་འབྲེལ་བ་ཡང་དག་པའི་བགྲོད་ལམ་དུ་ཞུགས་པ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཁྱབ་ཁོངས་སྔར་ལས་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་ཟེར། 

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།