ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཕུའུ་ཅིན་གཉིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ས་གནས་འགོ་ཁྲིད་པའི་གྲོས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180913092455VvXQ.jpg

ཟླ9པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྥོ་ལཱ་ཏེ་ཝོ་སི་ཐོ་ཁི་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ས་གནས་འགོ་ཁྲིད་པའི་གྲོས་མོལ་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བཅུ་གཅིག་ཉིན་ཧྥོ་ལཱ་ཏེ་ཝོ་སི་ཐོ་ཁི་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ས་གནས་འགོ་ཁྲིད་པའི་གྲོས་མོལ་ཚོགས་འདུར་ཞུགས།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་འཐུས་མིས་ཐེངས་འདིའི་གྲོས་མོལ་ཚོགས་འདུའི་གནས་ཚུལ་དང་ཀྲུང་གོ་དང་ཨུ་རུ་སིའི་ས་གནས་མཉམ་ལས་ཀྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས་སོ་སོར་ཞུ་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་གཉིས་ནི་ཕན་ཚུན་ཆེས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་དང་ཆེས་གལ་ཆེ་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོ་ཡིན་ལ། ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་ཁེ་ཕན་མཉམ་འདྲེས་ཟབ་མོ་ཡོར་བར་བྱས་ན། ཕྱིའི་ཉེན་ཁ་དང་འགྲན་རྩོད་ལ་ཁ་འཇལ་ནས། ཐུན་མོང་གི་དར་རྒྱས་གོང་འཕེལ་ལ་ཡར་སྐུལ་བྱེད་པར་ཕན་པ་ཡོད། ས་གནས་མཉམ་ལས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ཁྲོད་དུ་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ལ། རྒྱལ་ཁབ་ཀྱི་མཉམ་ལས་ནི་ས་གནས་ལ་བརྟེན་དགོས་པ་དང་། ས་གནས་ལ་རྐང་འཛུགས་དགོས་ཤིང་། ས་གནས་ལ་བདེ་སྐྱིད་བསྐྲུན་དགོས། ས་གནས་མཉམ་ལས་ཇི་ལྟར་དམ་ན། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྨང་གཞི་དེ་ལྟར་སྲ་བརྟན་ཡོང་ངེས། དུས་རབས་གསར་པའི་རྒྱབ་ལྗོངས་འོག་ཏུ། ཀྲུང་གོ་དང་ཨུ་རུ་སིའི་ས་གནས་མཉམ་ལས་དེ་གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་འཕྲད་ཡོད་པ་དང་མཉམ་དུ། ལོ་རྒྱུས་རང་བཞིན་གྱི་གོ་སྐབས་གསར་པར་ཡང་འཕྲད་ཡོད་ཟེར།

ཞི་ཅིན་ཕིང་གིས་མ་འོངས་པའི་རྒྱལ་ཁབ་གཉིས་ཀྱི་ས་གནས་མཉམ་ལས་ཐད་གྲོས་གཞི་བཞི་བཏོན། གཅིག ས་གནས་སྲིད་གཞུང་གི་ནུས་པ་འདོན་པ་དང་། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། ས་གནས་མང་པོ་རོགས་སྦྲེལ་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་ཕན་ཚུན་ལ་མ་དངུལ་གཏོང་བར་སྔར་ལས་སྤུས་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་དང་སྔར་ལས་སྟབས་བདེའི་མཉམ་ལས་མཐུན་རྐྱེན་བསྐྲུན་དགོས། གཉིས། མཉམ་ལས་ཀྱི་བསམ་ཕྱོགས་གསར་གཏོད་བྱེད་པ་དང་མཉམ་ལས་ཀྱི་ས་ཁོངས་རྒྱ་བསྐྱེད་པ། མཉམ་ལས་ཀྱི་སྟེགས་བུ་ལེགས་པོར་བཀོལ་བ་བཅས་བྱས་ནས། ཁུལ་ཁོངས་མཉམ་ལས་ཀྱི་རྣམ་པ་གསར་པ་བསྐྲུན་པར་ཞིབ་བསྡུར་བྱེད་དགོས། གསུམ། ཁྱད་སྟོབས་གསབ་རེས་བྱེད་པ་དང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། སྤུས་ལེགས་ཐོན་ཁུངས་ཁུ་སྡུད་བྱེད་པ་སོགས་བྱས་ནས། མཉམ་ལས་ཀྱི་གྲུབ་འབྲས་གསར་པ་བསྐྲུན་དགོས། བཞི། མི་ཆོས་བརྗེ་རེས་ཟབ་སྤེལ་བྱེད་པ་དང་། མཉམ་ལས་ཀྱི་དམངས་བློ་དང་སྤྱི་ཚོགས་རྨང་གཞི་ཇེ་དྲག་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ས་གནས་ཀྱི་རིག་གནས་དང་ཡུལ་སྐོར། སློབ་གསོ། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་རྐྱེན་སྲོལ་ཅན་དང་རྒྱུན་རྣམ་ཅན་དུ་གཏོང་དགོས།

ཕུའུ་ཅིན་གྱིས་བསྟན་དོན། ས་གནས་མཉམ་ལས་ནི་ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཨུ་རུ་སི་སྲིད་གཞུང་གིས་ཀྲུང་གོའི་ཁེ་ལས་ཨུ་རུ་སི་ལ་དངུལ་གཏོང་ལས་སྤེལ་བྱེད་དུ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ས་གནས་མཉམ་ལས་ལ་ཤུགས་སྣོན་པར་མུ་མཐུད་དུ་མཐུན་རྐྱེན་དང་ཁོར་ཡུག་བཟང་པོ་བསྐྲུན་འདོད་ཡོད། གནས་བབ་གསར་པའི་འོག་ཏུ། ཨུ་རུ་སི་དང་ཀྲུང་གོས་ས་གནས་མཉམ་ལས་བརྗེ་རེས་ལོ་གོ་སྐབས་སུ་བྱས་ནས། ཉོ་འཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་གཏོང་བ་དང་། དམངས་ཁྲོད་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ས་གནས་མཉམ་ལས་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།