ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་པའི་ཚེས་ལྔ་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་སུའུ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་སྐུ་ཞབས་དང་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གླེང་སྟེགས་པེ་ཅིན་མཐོ་རིམ་གླེང་སྟེགས་རྒྱལ་ཁའི་ངང་བསྡུ་བར་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཞུས། མིག་སྔར་ཀྲུང་གོ་དང་ཁོང་ཀོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་རིམ་དུ་གནས་པ་དང་། ཀྲུང་གོས་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཁྱོན་ཡོངས་ཀྱི་གྲོགས་པོ་རུ་བརྩི་བཞིན་ཡོད་ལ། ཁོང་ཀོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་རྟོན་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། མཐོ་རིམ་དང་རིམ་པ་སོ་སོའི་བར་གྱི་འགྲོ་འོང་རྒྱ་སྐྱེད་པ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ། སྲིད་ཇུས་དང་འདུ་ཤེས། འཐབ་ཇུས་ཀྱི་བརྗེ་རེས་ཇེ་དྲག་ཏུ་གཏོང་བ། ཀྲུང་གོ་དང་ཁོང་ཀོའི་བར་གྱི་འབྲེལ་བའི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་པ། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་དོ་སྣང་བྱེད་པའི་གནད་དོན་སྟེང་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་དང་ཁོང་ཀོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གོ་དོན་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་ད་དུང་འཛམ་གླིང་རང་བཞིན་གྱི་གྲོས་དོན་གལ་ཆེན་སྟེང་མཐུན་སྦྱོང་གཞོགས་འདེགས་བྱེད་པར་ཤུགས་སྣོན་པ་དང་། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་དང་རྒྱལ་སྤྱིའི་སྒྲིག་ལམ་དེ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཁ་ཕྱོགས་སུ་གོང་འཕེལ་དུ་གཏོང་བར་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་སྤེལ་བ་དང་། ཁོང་ཀོ་ཕྱོགས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་གཡུར་དུ་ཟ་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

སཱ་སུའུ་ཡིས་བསྟན་དོན། ཨ་ཧྥེ་རི་ཁའི་མགོ་ཁྲིད་མི་སྣ་འདི་འདྲའི་མང་པོ་ཞིག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གླེང་སྟེགས་སུ་ཞུགས་པ་དེས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་པ་མཚོན་ཐུབ། ཁོང་ཀོ་ཕྱོགས་ཀྱིས་མཐོ་རིམ་གླེང་སྟེགས་སྟེང་གྲོས་འཆམ་བྱུང་བའི་པེ་ཅིན་སྒྲོག་གཏམ་དང་པེ་ཅིན་འགུལ་སྐྱོད་འཆར་གཞི་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད། ཁོང་ཀོ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པའི་འདུ་ཤེས་ལ་གདེང་འཇོག་མཐོན་པོ་བྱེད་ཀྱིན་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འགུལ་སྐྱོད་བརྒྱད་ལ་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་འཐབ་ཇུས་དང་རྒྱུད་གཅིག་ལམ་གཅིག་གྲོས་གཞི་གཉིས་སྦྲེལ་མཐུད་དམ་པོ་བྱས་ནས། རང་སོ་སོ་མྱུར་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཡོད་ཟེར།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ད་དུང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།