ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སར་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སར་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་མཛའ་བརྩེ་ཟོལ་མེད་དང་ཡིད་རྟོན་དྲག་པོ་ལྡན། སྐུ་ཞབས་ཙུང་ཐུང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པ་ལ་དགའ་བསུ་ཞུས་པར་མ་ཟད། ང་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ལ་འགོ་འཛིན་བྱས་པས། བྱེད་ཕྱོགས་འདིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་བ་ཞིག་འདོན་ངེས་པར་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་འབྲེལ་བའི་དོན་སྙིང་ནི་ཕྱོགས་གཉིས་ཀའི་བསམ་ཡུལ་ལས་ཆེས་ཆེར་འགོངས་ཡོད་ཅིང་། དེར་འཛམ་གླིང་ཅན་དང་འཐབ་ཇུས་ཅན་གྱི་ཤུགས་རྐྱེན་ཟབ་མོ་ལྡན། འབྲེལ་བ་བཙུགས་ནས་བགྲང་བྱ་ཉི་ཤུ་ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་ཕན་ཚུན་ཡིད་རྟོན་དང་ཕན་ཚུན་བརྩི་བཀུར། ཕན་ཚུན་རོགས་རེས་གཉིས་ཕན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། ཐོག་མཐའ་བར་གསུམ་ཀུན་ཏུ་གཅིག་སེམས་གཅིག་བརྟེན་གྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་ལྷོད་མེད་བྱས། ང་ཚོས་གཏན་འབེབས་བྱས་ཟིན་པའི་ཁ་ཕྱོགས་ཆེན་པོ་དང་དམིགས་ཡུལ་ཆེན་པོའི་གོམ་འགྲོས་བསྙེག་ནས། ཧུར་བརྩོན་ཆེན་པོས་ཕྱོགས་གཉིས་ཀའི་བར་གྲུབ་ཡོད་པའི་ལས་རིམ་ཁག་སོ་སོའི་ཐུན་མོང་ལྟ་བ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་ལོ་ངོ་བཅུའི་རིང་གི་མཉམ་ལས་འཐབ་ཇུས་ཀྱི་འཆར་འགོད་བཟང་བོར་བསྒྲུབ་དགོས། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་དང་ཆབ་སྲིད་ཡིད་རྟོན་གཏིང་ཟབ་ཏུ་གཏོང་བ། བདེན་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཏང་ཁག་བར་དང་མི་ཆོས་ཐད་ཀྱི་བརྗེ་རེས་བྱ་བར་སྐུལ་འདེད་གཏོང་དགོས། མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་བྱ་བ་ཚ་ཚ་འུར་འུར་ངང་སྤེལ་ནས། ཕྱོགས་མང་སྒྲོམ་གཞིའི་འོག་ནས་འབྲེལ་མཐུད་དང་མཐུན་སྦྱོར་དམ་པོ་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འཕེལ་བར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་གོ་རིམ་སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ལཱ་མ་ཧྥུའུ་ས་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ནི་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་ནས་བཙུགས་པ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་དར་རྒྱས་སུ་འགྲོ་བའི་ཐད་འཐབ་ཇུས་རང་བཞིན་མངོན་གསལ་ལྡན་པས། ཕྱོགས་གཉིས་ཀའི་མཐོ་རིམ་འགྲོ་འོང་འབྲེལ་བ་གཏིང་ཟབ་ས་ནས་ཟབ་སར་འཕེལ་བར་དོན་སྙིང་གལ་ཆེན་ལྡན་ཟེར།

མཇལ་འཕྲད་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས། ཙུང་ཐུང་ལཱ་མ་ཧྥུའུ་ས་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། ཕིན་ལུས་ཡོན་དང་ཏེན་ཞུའེ་ཞང་། དབྱང་ཅེ་ཁྲི། ཏེན་ཀྲུང་ལིས། ཝང་དབྱི། ལིག་ཆི་པའོ། ཧི་ལིས་ཧྥུན་བཅས་མཛད་སྒོར་ཞུགས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།