ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་པེ་ཅིན་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123374080_15359882226421n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས3ཉིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས་འགོ་བརྩམས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཟླ9བའི་ཚེས3ཉིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་རྡང་སྦྲེལ་ཏེ་འགན་འཁྲི་མཉམ་འཁུར་དང་མཉམ་ལས་མཉམ་རྒྱལ། བདེ་སྐྱིད་མཉམ་སྤྱོད། རིག་གནས་མཉམ་དར། བདེ་འཇགས་མཉམ་སྐྲུན། འཆམ་མཐུན་མཉམ་གནས་བཅས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་མཉམ་དུ་གསར་སྐྲུན་བྱེད་དགོས་པ་དང་། ཐོན་ལས་ལ་སྐུལ་འདེད་གཏོང་བ་དང་སྒྲིག་ཆས་མཉམ་སྦྲེལ་མཉམ་མཐུད། ཉོ་ཚོང་སྟབས་བདེ། ལྗང་མདོག་འཕེལ་རྒྱས། ནུས་པའི་འཛུགས་སྐྲུན། བདེ་ཐང་འཕྲོད་བསྟེན། མི་གཞུང་བརྗེ་རེས། ཞི་བའི་བདེ་འཇགས་བཅས་འགུལ་སྐྱོད་ཆེན་པོ་བརྒྱད་གཙོར་བཟུང་ནས་ལག་བསྟར་བྱེད་དགོས་ཞེས་ནན་གྱིས་བསྟན།

1123374080_15359882226461n.jpg

ཉིན་དེའི་དུས་ཚོད་བཅུ་དྲུག་གི་སྟེང་གླེང་སྟེགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་རྣམས་འཕྲོ་རིམ་འཕྲོར་ཚོགས་རར་ཕེབས་པ་དང་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས་པར་མ་ཟད་ཁོ་ཚོར་བརྩེ་བའི་ཕྱག་འཇུ་གནང་ཞོར་དུ་ཕན་ཚུན་ལ་འཚམས་འདྲི་ཞུས། དུས་ཚོད་བཅུ་དྲུག་དང་སྐར་མ་བཞི་བཅུའི་སྟེང་གྲོས་ཚོགས་དངོས་སུ་ཚོགས་འགོ་བརྩམས་པ་དང་ཞི་ཅིན་ཕིང་གིས་ཁ་ཡིག་ལ་ལག་རྡང་སྦྲེལ་ཏེ་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པ་དང་སེམས་ཤུགས་གཅིག་ཏུ་སྦྲེལ་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་ནི་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བའི་རྒྱལ་ཁབ་ཡིན་པ་དང་ཨ་ཧྥེ་རི་ཁ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་གཅིག་འདུས་བྱས་པའི་སྐམ་ས་ཆེན་མོ་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔ་མོ་ནས་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པར་གྱུར་ཡོད། ང་ཚོས་ཨ་ཧྥེ་རི་ཁའི་མི་དམངས་དང་མཉམ་དུ་སྔར་ལས་དམ་པོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པར་དཔེ་སྟོན་གྱི་ནུས་པ་འདོན་པར་སྐུལ་འདེད་གཏོང་འདོད་ཡོད། གཅིག ལག་རྡང་སྦྲེལ་ཏེ་འགན་འཁྲི་མཉམ་འཁུར་བྱེད་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས། གཉིས། ལག་རྡང་སྦྲེལ་ཏེ་མཉམ་ལས་མཉམ་རྒྱལ་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས། གསུམ། ལག་རྡང་སྦྲེལ་ཏེ་བདེ་སྐྱིད་མཉམ་སྤྱོད་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས། བཞི། ལག་རྡང་སྦྲེལ་ཏེ་རིག་གནས་མཉམ་དར་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས། ལྔ། ལག་རྡང་སྦྲེལ་ཏེ་བདེ་འཇགས་མཉམ་སྐྲུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས། དྲུག ལག་རྡང་སྦྲེལ་ཏེ་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ཀྲུང་གོས་དུས་རབས་གསར་བར་སྔར་ལས་དམ་པོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པ་མཛུབ་སྟོན་དུ་བཟུང་སྟེ།  ཡོ་ཧན་ནེ་སི་པོའི་མཐོ་རིམ་གྲོས་ཚོགས་ནས་གཏན་ལ་ཕབ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་འཆར་གཞི་ཆེན་པོ་བཅུ་ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་གཞོགས་འདེགས་དམ་པོ་བྱས་ཏེ། མ་འོངས་པའི་ལོ་གསུམ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་གཙོ་བོ་འགུལ་སྐྱོད་ཆེན་པོ་བརྒྱད་ལག་བསྟར་བྱེད་འདོད་ཡོད་པ་ཁྱབ་སྒྲོག་མཛད། གཅིག ཐོན་ལས་ཀྱིས་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ། གཉིས། སྒྲིག་ཆས་མཉམ་སྦྲེལ་མཉམ་མཐུད་ཀྱི་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ། གསུམ། ཉོ་ཚོང་སྟབས་བདེ་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ། བཞི། ལྗང་མདོག་འཕེལ་རྒྱས་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ། ལྔ། ནུས་པའི་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ། དྲུག བདེ་ཐང་འཕྲོད་བསྟེན་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ། བདུན། མི་གཞུང་བརྗེ་རེས་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ། བརྒྱད། ཞི་བའི་བདེ་འཇགས་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ་བཅས་རེད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། འགུལ་སྐྱོད་ཆེན་པོ་བརྒྱད་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་ཆེད། ཀྲུང་གོས་སྲིད་གཞུང་གིས་རོགས་སྐྱོར་དང་དངུལ་རྩ་ལས་ཁུངས་དང་ཁེ་ལས་ཀྱིས་མ་དངུལ་གཏོང་བ་སོགས་ཀྱི་རྣམ་པར་བརྟེན་ནས་ཨ་ཧྥེ་རི་ཁར་ཨ་མེ་རི་ཁའི་སྒོར་མོ་ཐེར་ཆེན་དྲུག་གི་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་བར་ཡུལ་དངོས་ཀྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མགྲོན་པོ་རྣམས་ཀྱི་གཟེངས་བསྟོད་ཐོབ་པ་དང་ཐེངས་མང་པོར་ཐལ་མོ་རྡེབ་སྒྲས་ཁེངས་བྱུང་།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞི་རྒྱལ་ཁབ་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལ་མ་ཧྥུའུ་ས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་རེས་སྐོར་རྒྱལ་ཁབ་ཀྲུའུ་ཞི་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མེ། མཐོ་རིམ་གྲོས་ཚོགས་ལ་ཆེད་ཞུས་མགྲོན་པོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི། ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་བཅས་ཀྱིས་སྔ་གཞུག་ཏུ་ཤིས་ཚིག་ཕུལ། ཁོ་ཚོས་བཤད་རྒྱུར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱིས་སྔར་ལས་དམ་པོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཐད་ལ་མཉམ་དུ་འཆར་འགོད་པར་ནུས་པ་ཆེན་པོ་འདོན་ངེས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འགུལ་སྐྱོད་ཆེན་པོ་བརྒྱད་ཀྱིས་ཀུན་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོའི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རོགས་ལས་དམ་པོ་བྱས་ཏེ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོས་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་མ་ཟད། སྔར་ལས་དམ་པོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མ་ཡིན་པའི་རྒྱལ་ཁབ་ཀྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་གཙོ། འཐུས་ཚབ་ཚོགས་པའི་ཚོགས་གཙོ། དེ་མིན་རྒྱལ་སྤྱི་དང་ས་གནས་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་རིགས་སོ་སོའི་མི་སྣ་སྟོང་གསུམ་དང་ཉིས་བརྒྱ་ལྷག་གྲོས་ཚོགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པ་དང་ཝང་དབྱི་ཡིས་མཛད་སྒོར་འགོ་འཛིན་བྱས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།