ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་པེ་ནི་ནའི་ཙུང་ཐུང་ཐཱ་ལུང་དང་ཁོ་མོ་རོའི་ཙུང་ཐུང་ཨ་ཀྲ་ལེ་གཉིས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་གཅིག་ཉིན་ཏུའེ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་སོ་སོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་པེ་ནི་ནའི་ཙུང་ཐུང་ཐཱ་ལུང་དང་ཁོ་མོ་རོའི་ཙུང་ཐུང་ཨ་ཀྲ་ལེ་གཉིས་ལ་མཇལ་འཕྲད་གནང་།

ཐཱ་ལུང་ལ་མཇལ་འཕྲད་གནང་སྐབས། ཝང་ཆི་ཧྲན་གྱིས་བསྟན་དོན། དེ་རིང་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་རྣམ་གཉིས་བར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ནས་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་ཡོད། ཀྲུང་གོས་པེ་ནི་ནའི་བར་གྱི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། རྒྱལ་སྐྱོང་སྲིད་འཛིན་དང་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། དུས་ནམ་ཡིན་རུང་ཕན་ཚུན་བློ་གཏད་ཆོག་པའི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་པོ་བྱེད་འདོད་ཡོད། ཀྲུང་གོས་པེ་ནི་ན་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིའི་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཀྲུང་གོའི་ཁེ་ལས་པེ་ནི་ན་རུ་དངུལ་གཏོང་ལས་སྤེལ་བྱེད་དུ་སོང་ནས། པེ་ནི་ནའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པར་སྐུལ་མ་གཏོང་བཞིན་ཡོད། ཀྲུང་གོས་པེ་ནི་ནའི་བར་གྱི་རིག་གནས་དང་སློབ་གསོ། ཡུལ་སྐོར་སོགས་མི་ཆོས་མཉམ་ལས་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་བློའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་འདོད་ཡོད་ཟེར།

ཨ་ཀྲ་ལེ་ལ་མཇལ་འཕྲད་གནང་སྐབས། ཝང་ཆི་ཧྲན་གྱིས་བསྟན་དོན། ཙུང་ཐུང་ཨ་ཀྲ་ལེ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་བར་དགའ་བསུ་ཞུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པ་མཉམ་གཅིག་ཏུ་འཛོམས་ནས། ཕྱོགས་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་ཇུས་ཆེན་ལ་གྲོས་སྡུར་བྱེད་པ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་སྔར་ལས་དམ་པོ་འཛུགས་པར་དོན་སྙིང་ཧ་ཅང་ཆེ། ཀྲུང་གོ་དང་ཁོ་མོ་རོ་བར་དུ་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ལྡན་ལ། ཆབ་སྲིད་ཡིད་ཆེས་དང་དཔལ་འབྱོར་ཁ་གསབ་རང་བཞིན་ལྡན། ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུག་འཕྲད་ལས་བྱུང་བའི་ཐུན་མོང་ལྟ་བ་དངོས་འབེབས་ལེགས་པོ་བྱེད་པ་དང་། ཀྲུང་གོ་དང་ཁོ་མོ་རོའི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་བཟང་པོ་བསྐྲུན་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།