ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨན་ནན་སྐུ་གཤེགས་པའི་ཐད་ནས་མཉམ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལི་སི་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་ཉི་ཤུའི་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིནཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་ཨན་ནན་སྐུ་གཤེགས་པའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལི་སིར་འཚམས་འདྲིའི་གློག་འཕྲིན་བཏང་། ཞི་ཅིན་ཕིང་གིས་སྐུ་ཞབས་ཨན་ནན་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུས་པར་མ་ཟད། ཨན་ནན་གྱི་ཁྱིམ་མི་དང་མཉམ་འབྲེལ་རྒྱལ་ཚོགས་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་འཚམས་འདྲི་ཞུ་བའི་གློག་འཕྲིན་ནང་བསྟན་དོན། སྐུ་ཞབས་ཨན་ནན་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན། ཁོང་གིས་འགན་བཞེས་པའི་སྐབས་སུ་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་ལས་ཐད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་ཡོད། སྐུ་ཞབས་ཨན་ནན་ནི་སྙན་གྲགས་འཛམ་གླིང་ལ་ཁྱབ་པའི་རྒྱལ་སྤྱིའི་བྱ་འགུལ་སྤེལ་མཁན་ཡིན་ལ། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ཀྱི་འདོད་བློ་བཏོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པར་ཤུགས་སྣོན་བྱེད་པར་སྐུལ་འདེད་བཏང་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་ཕུལ་བྱུང་གི་གྲུབ་འབྲས་བསྐྲུན་ཡོད། སྐུ་ཞབས་ཨན་ནན་ནི་ཨ་ཧྥེ་རི་ཁ་མི་དམངས་ཀྱི་ཕུལ་བྱུང་འཐུས་མི་ཡིན་པ་དང་། ཁོ་རང་ཨ་ཧྥེ་རི་ཁ་ནས་ཡོང་ཞིང་སེམས་པ་ནམ་ཡང་ཨ་ཧྥེ་རི་ཁར་སྦྲེལ་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནམ་ཡང་ཨ་ཧྥེ་རི་ཁར་དོ་སྣང་དང་འབྲེལ་འདྲིས་བྱེད་པར་སྐུལ་འདེད་བཏང་ཡོད་ཟེར།  ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་གཏན་འཇགས་མིན་པའི་འཛམ་གླིང་དང་གཏན་འཇགས་མིན་པའི་རྒྱུ་རྐྱེན་སྣ་ཚོགས་གཅིག་འདུས་སུ་ཡོད་པའི་གནས་བབ་འོག་ཏུ། སྐུ་ཞབས་ཨན་ནན་གྱིས་བཏོན་པའི་ཕྱོགས་མང་རིང་ལུགས་ཀྱི་གྲོས་གཞིར་ཐུན་མོང་མ་ཡིན་པའི་དོན་དངོས་ཀྱི་ནང་དོན་ཡོད་པས། ཁོང་གི་འབད་བརྩོན་དང་བྱས་རྗེས་ལ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ནམ་ཡང་རྗེས་དྲན་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།