ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྐོང་འཚོགས་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་༡༦ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྐོང་འཚོགས་གནང་ནས་ཇི་ལིན་ཞིང་ཆེན་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིའི་གནད་དོན་ཡོད་པའི་སྨན་ཁབ་ཀྱི་གྱོད་གཞི་རྟག་དཔྱད་གནས་ཚུལ་གྱི་སྙན་གསེང་གསན་པ་མ་ཟད་འབྲེལ་ཡོད་ཐག་གཅོད་གཏན་འབེབས་ཁྱབ་བསྒྲགས་གནང་བ་དང་སྒྱུར་བཅོས་བྱ་ཐབས་ཐོག་ནས་དམངས་ཁྲོད་མ་འཇོག་དང་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་བའི་འགོག་རྐྱེན་སེལ་ཐོག་དཔལ་འབྱོར་གྱི་གསོན་ཤུགས་དང་སྒུལ་ཤུགས་སྐུལ་སློང་བྱེད་དགོས་པའི་བཀོད་སྒྲིག་གནང་ཡོད་པ་རེད།

གྲོས་ཚོགས་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་གནང་བ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་རྟག་དཔྱད་ཚོགས་ཆུང་གིས་ཇི་ལིན་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིས་ཁྲིམས་ལུགས་དང་གཏན་འབེབས་དང་རྒྱབ་འགལ་བྱས་ནས་ཁྱི་སྨྱོན་ནད་ཀྱི་སྨན་ཁབ་ཐོན་སྐྱེད་གྱོད་གཞི་དང་ཚད་དང་མ་མཐུན་པའི་སྒོ་ནས་བརྒྱ་ཁོག་འདུམ་སྨན་ཁབ་ཐོན་སྐྱེད་བྱས་པའི་དོན་དངོས་གཙོ་བོ་རྩད་ཆོད་ཐུབ་པ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱིས་ཁེ་ཕན་ཁོ་ན་བསམ་པ་དང་ཁེ་ཕན་ཆེད་དུ་བཅའ་ཁྲིམས་དང་རྒྱབ་འགལ་བྱས་ཤིང་གནད་དོན་ཧ་ཅང་ཚབས་ཆེ་བ་དང་ངོ་བོ་ཐ་ཤལ་ཡིན་པ་རེད། གྱོད་གཞི་དེའི་ཐོག་ནས་ཀྱང་འབྲེལ་ཡོད་ས་གནས་ཀྱིས་སྨན་རྫས་བདེ་འཇགས་ས་གནས་སྲིད་གཞུང་གིས་སྤྱི་འགན་འཁུར་བ་དང་རྒྱལ་ཁབ་དང་ས་གནས་ཀྱི་ལྟ་སྐུལ་དོ་དམ་སྡེ་ཁག་ནས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་པའི་ཐད་འགན་འཛོལ་ཤོར་བ་དང་ལྷག་པར་དུ་ཚབས་ཆེའི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་གནས་པའི་ཆ་འཕྲིན་སྙན་ཞུ་མི་བྱེད་པ་དང་བབ་བསྟུན་ཐག་གཅོད་བྱེད་ནུས་མི་འདེང་བ་སོགས་ཀྱི་གནད་དོན་ལྷགས་ཡོད་ཅིང་དེ་ཚབས་ཆེའི་འགན་འཛོལ་ཤོར་བ་དང་འཇོན་ནུས་འདང་མེད་པའི་ཁོངས་སུ་ཚུད་ཡོད། མིག་སྔར་སྤྱི་བདེ་ལས་ཁུངས་ནས་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིའི་གྱོད་གཞིར་མྱུལ་ཞིབ་ཐག་གཅོད་བྱེད་མཇུག་འགྲིལ་བ་མ་ཟད་ཁྲིམས་ལྟར་ཉེས་གསོག་དོགས་ཡོད་མི་སྣ་རྣམས་ཞུ་གཏུག་བྱེད་པར་སྐྱེལ་ཡོད་པ་དང་འབྲེལ་ཡོད་སྡེ་ཁག་ནས་ད་དུང་གནད་དོན་ཡོད་པའི་སྨན་ཁབ་ཕྱི་གྱར་ལས་དོན་འོས་འཚམ་ངང་ཡག་པོ་བྱེད་དགོས་ཞེས་སྟོན་ཡོད་པ་རེད།

གྲོས་ཚོགས་ཐོག གཅིག་ནས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཆད་པ་ནན་པོ་གཅོད་པ་དང་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། སྨན་རྫས་དོ་དམ་བཅའ་ཁྲིམས་ལྟར་འབྲེལ་ཡོད་ཐད་ནས་འགན་དབང་ལ་གཞིགས་ནས་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིའི་ཁྲིམས་འགལ་ཐོབ་ཆ་ཡོད་ཚད་གཞུང་ཤེད་གཏོང་བ་མ་ཟད་ཆད་དངུལ་མཐོ་ཤོས་གཅོད་དགོས་པ་དང་དུས་མཚུངས་སུ་ལྟ་སྐུལ་དོ་དམ་འགན་འཁྲི་ཡོད་མཁན་ས་གནས་སྲིད་གཞུང་དང་དོ་དམ་སྡེ་ཁག འབྲེལ་ཡོད་འགན་འཁྲི་ཡོད་མཁན་བཅས་ཀྱི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། གཉིས་ནས་ཚད་མཐུན་སྨན་ཁབ་གསབ་འདེབས་དང་མཁོ་སྤྲོད་འགན་སྲུང་བྱེད་པ་དང་ཁེ་ལས་ལ་བཅོས་སྒྲིག་སོགས་རྗེས་མཐུན་ལས་དོན་ཡག་པོ་བྱེད་རྒྱུར་སྐུལ་འདེབས་བྱེད་དགོས་ཤིང་རྒྱལ་ཡོངས་ཀྱི་སྨན་ཁང་ཐོན་སྐྱེད་བྱེད་མཁན་ཁེ་ལས་ལ་སྤུས་ཚད་བདེ་འཇགས་ལ་གཞིགས་ནས་འཐེན་བཤེར་བྱས་པའི་རྨང་གཞིའི་ཐོག་ཞིབ་བཤེར་ཞིབ་ཕྲ་དང་སྔར་ལས་ལྷག་པ་བྱེད་པ་དང་གནད་དོན་ཐོན་ཚེ་དུས་ཐོག་ཏུ་སྤྱི་བསྒྲགས་སྤེལ་བ་དང་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། གསུམ་པ་ནི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དོ་ནན་ཤོས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ཐོག་རྒྱལ་ཐོན་སྨན་ཁབ་ཀྱི་ལག་རྩལ་རིམ་སྤོར་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་སྨན་བེད་སྤྱོད་བདེ་འཇགས་འགན་སྲུང་བྱེད་དགོས་ཞེས་སྟོན་ཡོད་པ་རེད།

གྲོས་ཚོགས་ཐོག ལོ་འདི་ཤར་ཚུན་དུ་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཡོངས་ནས་བཤད་ན་བརྟན་པོའི་ཁྲོད་དུ་གོང་འཕེལ་བྱུང་ཡོད། དུས་བབ་གསར་པ་དང་འགྱུར་ལྡོག་གསར་པའི་མདུན་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ལྟར་སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་སྐུལ་སློང་བྱེད་པ་དང་ཐོན་ཉེན་ཆེ་བ་དང་ཕྱོགས་ལྷུང་ཆེ་བའི་རང་བཞིན་གྱི་གནད་དོན་ལ་གནད་འཕིགས་སྲིད་ཇུས་བཟུང་ཐོག་སྔོན་དཔག་གི་ལེགས་སྒྲིག་དང་ལེགས་སྒྲིག་ཕྲན་བུ་བྱས་ནས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་ལུགས་མཐུན་གྱི་ཚད་དང་གནས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་སྟོན་འདུག

གྲོས་ཚོགས་ཐོག་དམངས་ཁྲོད་མ་འཇོག་དང་དམངས་གཉེར་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་དགོས་པའི་སྐོར་གྱི་སྙན་གསེང་གསན་པ་དང་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་གཡོ་འགུལ་མི་གཏོང་བ་་གཉིས་རྒྱུན་འཁྱོངས་བྱེད་པ་དང་ནུས་ཤུགས་སྔར་ལས་ལྷག་པ་བཏོན་ནས་དམངས་ཁྲོད་མ་རྩ་གཙོ་གནད་ཁྱབ་ཁོངས་ནང་གཏོང་རྒྱུའི་ཐེམ་པ་དམའ་རུ་གཏོང་དགོས། མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་ཡོང་སྒོ་ཆེ་བའི་སྒྲིག་གཞི་ཁ་གསལ་བའི་ཁོར་སྲུང་དང་འགྲིམ་འགྲུལ་ནུས་ཁུངས། སྤྱི་ཚོགས་བྱ་གཞག་སོགས་རྣམ་གྲངས་ཕོན་ཆེན་ཞིག་འོས་སྦྱོར་བྱས་ནས་དམངས་ཁྲོད་མ་རྩའི་མ་རྐང་ཚོད་འཛིན་ལ་་རྒྱབ་སྐྱོར་བྱེད་དགོས། དམངས་ཁྲོད་མ་དངུལ་རྒན་གསོ་དང་སྨན་བཅོས་སོགས་ཁྱབ་ཁོངས་ལ་གཏོང་རྒྱུར་འགོག་རྐྱེན་བཟོ་བའི་ཟུར་སྣོན་ཆ་རྐྱེན་མེད་པ་བཟོ་བ་དང་ཉུང་དུ་གཏོང་བ། དོན་དག་བསྒྲུབ་བཞིན་པ་དང་སྒྲུབ་མཇུག་འགྲིལ་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་འདྲ་མཉམ་འགྲན་རྩོད་ཁོར་ཡུག་ཅིག་སྐྲུན་དགོས ཁྲལ་བཅག་སྒྲོན་བཅག་བྱ་ཐབས་དོན་འཁྱོལ་སྔར་ལས་ལྷག་པ་བྱེད་པ་དང་ལྷག་དོན་དུ་ལས་གཉེར་དཔྱ་ཁྲལ་རིམ་འཕར་དཔྱ་ཁྲལ་ལ་སྒྱུར་རྒྱུ་སོགས་ཁྲལ་བཅག་བྱ་ཐབས་དོན་འཁྱོལ་ཡོང་རྒྱུ་དམ་འཛིན་བྱེད་དགོས། ཁེ་ལས་ཆུང་གྲས་དང་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་མཉམ་གསོག་དཀའ་གནད་སེལ་བ་དང་བྱ་ཐབས་མང་པོ་མཉམ་བཟུང་གིས་ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།