ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཅི་ལིན་ཁྲང་ཁྲོན་ཁྲང་ཧྲིན་ཀུང་ཟིའི་འགོག་སྨན་གྱོད་དོན་ལ་རྟོག་ཞིབ་བྱས་པའི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད། འབྲེལ་ཡོད་ཐག་གཅོད་གཏན་འབེབས་བྱས་ཏེ། བཀོད་སྒྲིག་དང་བཅོས་སྒྱུར་ཐབས་ཤེས་ལ་བརྟེན་ནས། དམངས་ཁྲོད་ཀྱི་དངུལ་གཏོང་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་གནོད་པའི་གེགས་གཙང་སེལ་བྱས་ཏེ། དཔལ་འབྱོར་གྱི་གསོན་ཤུགས་དང་སྒུལ་ཤུགས་ལ་ངར་ཤུགས་བསྩལ། 

  གྲོས་ཚོགས་ལས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྟོག་ཞིབ་ཚན་ཁག་གིས་ཅི་ལིན་ཁྲང་ཁྲོན་ཁྲང་ཧྲིན་ཀུང་ཟིའི་ཁྲིམས་འགལ་ལུགས་འགལ་གྱི་ཁྱི་དུག་ནད་འགོག་སྨན་ཁབ་གྱོད་དོན་དང་། འགོག་སྨན་ཐོན་སྐྱེད་བྱས་པ་ཚད་ལྡན་མིན་པའི་དོན་དངོས་གྱོད་དོན་རྩད་ཆོད་བྱུང་བར་མ་ཟད། གྱོད་དོན་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་ཁེ་བཟང་ཁོ་ནར་རྔམ་པ་དང་ཁེ་ཕན་གྱི་ཆེད་དུ་ཁྲིམས་སྣང་མེད་དུ་འཇོག་པ། གྱོད་དོན་གྱི་གནད་དོན་རང་བཞིན་ཚབས་ཆེན་ཡིན་པ། གྱོད་དོན་གྱི་ངོ་བོ་སྡིག་ལས་ལ་གཞོལ་ཆེ་བ་བཅས་ཀྱི་ཁུངས་རྩད་ཆོད། གྱོད་དོན་འདིས་ཀྱང་འབྲེལ་ཡོད་ས་གནས་སྡེ་ཁག་གིས་སྨན་རྫས་བདེ་འཇགས་དངོས་འབེབས་བྱས་པའི་གོ་རིམ་ཁྲོད་དུ་ས་གནས་སྲིད་གཞུང་གིས་འགན་གཙོ་བོ་མ་ཐེག་པ་དང་། ཡང་ན་རྒྱལ་ཁབ་དང་ས་གནས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་དོ་དམ་དང་འགན་ནུས་བྱས་པ་འདང་ངེས་མིན་པའི་གནད་དོན་གསལ་སྟོན་བྱས་པར་མ་ཟད། ཁྱད་པར་དུ་ཉེན་ཁ་ཧ་ཅང་ཆེ་བའི་མངོན་མེད་རྐྱེན་ངན་དང་འབྲེལ་བའི་ཆ་འཕྲིན་དུས་ལྟར་གོང་རིམ་ལ་ཡར་ཞུ་མི་བྱེད་པ་དང་། བབ་བསྟུན་ཐག་གཅོད་བྱས་པ་མི་བཟང་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་པ་མཚོན་པས། གྱོད་དོན་འདིའི་རིགས་ནི་འགན་འཛོལ་བྱ་སྤྱོད་ཚབས་ཆེན་ཏུ་གཏོགས་པ་ཡིན། མིག་སྔར་སྤྱི་བདེ་ལས་ཁུངས་ཀྱིས་ཁྲང་ཁྲོན་ཁྲང་ཧྲིན་ཀུང་ཟིའི་གྱོད་དོན་ལ་རྩད་ཞིབ་བྱེད་པའི་ལས་རིམ་མཇུག་རྫོགས་པར་མ་ཟད། ཁྲིམས་ལྟར་དོགས་ཡོད་ཉེས་ཅན་ཚང་མ་ཁྲིམས་རར་བསྐྱལ། གྲོས་ཚོགས་ལས་གཏན་འཁེལ་བྱུང་བ་ནི། གཅིག་ནས་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་ཆད་པ་ནན་མོ་བཅད་དེ། འགན་འཁྲི་རྩད་གཅོད་བྱ་བ་སྔར་ལས་གཟབ་ནན་ཅན་དུ་བསྒྱུར་དགོས། གཉིས་ནས་ཁ་གསབ་ཀྱི་ཐབས་ཤེས་བཟང་བོ་འདོན་པ་དང་། ཚད་ལྡན་ཡིན་པའི་འགོག་སྨན་འདོན་སྤྲོད་ལ་འགན་ལེན་ཁག་ཐེག་བྱེད་པ། ཁེ་ལས་ཀྱི་སྤྱི་ཁོག་བཅོས་སྒྱུར་ལ་ལྟ་རྟོག་དང་སྐུལ་འདེད་གཏོང་བ་སོགས་ཀྱིས་མཚོན་པའི་རྗེས་སྒྲུབ་བྱ་བ་དམ་པོར་འཛིན་དགོས། གསུམ་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། སྨན་རྫས་ལ་ལྟ་སྐུལ་དང་དོ་དམ་བྱེད་པའི་མ་ལག་འཐུས་སྒོ་ཚང་བ་ཞིག་དང་གཟབ་ནན་ཅན་ཞིག་བཙུགས་ཏེ། རྒྱལ་ཁབ་འགོག་སྨན་ལག་རྩལ་ཇེ་མཐོར་བཏང་མཐར། མང་ཚོགས་ཀྱི་སྨན་རྫས་བདེ་འཇགས་ལ་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

    གྲོས་ཚོགས་ལས་བསྟན་དོན། ད་ལོ་ནས་བཟུང་རང་རྒྱལ་གྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་འཇགས་ཀྱི་ཁྲོད་ནས་ལེགས་ལམ་གྱི་ཕྱོགས་སུ་འཕེལ་བཞིན་ཡོད་ཅིང་། རྣམ་པ་གསར་བ་དང་འགྱུར་ལྡོག་གསར་བར་ཁ་གཏོད་པར་ཅིས་ཀྱང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་སྨད་དཔལ་འབྱོར་བྱ་བའི་བཀོད་སྒྲིག་ལྟར་དུ། བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས་ཁྲོམ་རའི་གསོན་ཤུགས་ལ་ངར་ཤུགས་བསྩོལ་དགོས་ཤིང་། མགོ་འབུས་ལ་ཉེ་བའི་གནད་དོན་ཅི་རིགས་ལ་གནད་ཕིགས་སྲིད་ཇུས་འདོན་པ་དང་སྔོན་དཔག་སྙོམ་སྒྲིག་གང་ལེགས་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་རྒྱུན་ལྡན་ཅན་གྱི་རྣམ་པས་འཁོར་སྐྱོད་བྱེད་ཐུབ་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར། གྲོས་ཚོགས་ལས་སྔར་ལས་ལྷག་པའི་སྒོ་ནས་དམངས་ཁྲོད་ཀྱི་དངུལ་གཏོང་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྙན་ཞུར་ཉན་ནས། གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་གཡོ་འགུལ་བྱེད་མི་རུང་བ་གཉིས་རྒྱུན་འཁྱོངས་བྱེད་དགོས་བའི་བླང་བྱ་བཏོན་པ་ལས་གཞན། དམངས་ཁྲོད་གྱི་མ་རྩ་གནད་འགག་ཁྱབ་ཁོངས་ཀྱི་ལས་རིམ་ཁྲོད་ཞུགས་པའི་སྒོ་མོ་སྔར་ལས་ཇེ་དམ་དུ་གཏོང་བར་སྟོབས་ཤུགས་གང་ཡོད་འདོན་དགོས་ཟེར། 

གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།