ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་དབུལ་ཕོངས་ཇེ་ཉུང་དང་འཕེལ་རྒྱས་སུ་གཏོང་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་དབུལ་ཕོངས་ཇེ་ཉུང་དང་འཕེལ་རྒྱས་སུ་གཏོང་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་འགོ་བརྩམས། ཐེངས་འདིའི་ཚོགས་ཐོག་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་མཉམ་ལས་ལ་གོ་སྐབས་བསྐྲུན་པ་སོགས་བརྗོད་དོན་གཙོ་བོ་བྱས་ནས་གྲོས་བསྡུར་བྱས། ཨན་ཀོ་ལ་དང་པོ་ཚི་ཝ་ན། མོ་རི་ཐིའུ་སི་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བཞི་བཅུའི་འཐུས་མི་གྲོས་ཚོགས་ལ་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་ལྔའི་ནང་རང་རྒྱལ་ཞིང་སྡེ་ཡི་དབུལ་ཕོངས་མི་གྲངས་སྡོམ་པས་བྱེ་བ་དྲུག་དང་ས་ཡ་བརྒྱད་འབུམ་ལྔ་ཁྲི་གསུམ་ཇེ་ཉུང་དུ་བཏང་བ་དང་། དབུལ་ཕོངས་སུ་གྱུར་ཚད་བརྒྱ་ཆའི་བཅུ་དང་གྲངས་ཆུང་གཉིས་ནས་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཅིག་ཏུ་ཇེ་དམའ་རུ་སོང་། མ་འོངས་པའི་ལོ་གསུམ་གྱི་ནང་རང་རྒྱལ་གྱིས་དབུལ་ཕོངས་མི་གྲངས་བྱེ་བ་གསུམ་དབུལ་ཐར་བྱེད་པའི་དམིགས་འབེན་ཡོངས་འགྲུབ་བྱེད་ངེས་ཡིན་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཕྱིན་ཆད་རང་རྒྱལ་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་བསྐྲུན་པའི་འཕེལ་རྒྱས་གོ་སྐབས་ལ་བརྟེན་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་མཉམ་ལས་གསར་སྤེལ་བྱས་ཏེ་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་ཤེས་བྱའི་ཐོན་རྫས་འཚོལ་ཞིབ་བྱེད་པ་དང་། ཕྱི་ཕྱོགས་ནས་གསོ་སྦྱོང་བྱ་འགུལ་སྤེལ་ནས་ས་གནས་ཀྱི་དབུལ་ཕོངས་ཇེ་ཉུང་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ལས་གཞིའི་དཔེ་སྟོན་དང་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་ངེས་ཡིན། མིག་སྔའི་བར་དུ་རང་རྒྱལ་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ང་ལྔའི་དབུལ་ཕོངས་ཇེ་ཉུང་དུ་བཏང་བའི་མི་གྲངས་ཉིས་སྟོང་ཆིག་བརྒྱ་ཉེར་གཉིས་ལ་གསོ་སྦྱོང་བྱས་པར་མ་ཟད། ཨ་ཧྥེ་རི་ཁར་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་ཁྱབ་ཁོངས་ཀྱི་བསླབ་གནས་སློབ་གསོ་འདོན་སྤྲོད་བྱས་ནས་རང་རྒྱལ་གྱི་དབུལ་ཕོངས་ཇེ་ཉུང་དུ་བཏང་བའི་གྲུབ་འབྲས་ལོངས་སུ་སྤྱོད་དུ་བཅུག་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།