ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བློ་མཐུན་ཝང་ཅི་ཚའེ་ཡི་སྔོན་ཐོན་ལག་རྗེས་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་བློ་མཐུན་ཝང་ཅི་ཚའེ་ཡི་སྔོན་ཐོན་ལག་རྗེས་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། བློ་མཐུན་ཝང་ཅི་ཚའེ་ཡིས་ལོ་ངོ་སོ་གཉིས་རིང་ལ་སྡང་སེམས་དང་བློ་འགྱོད་སྤུ་ཙམ་ཡང་མེད་པར་གླིང་སྐྱོང་རྒྱལ་སྲུང་བྱས་ཏེ། ལས་རྐང་དཀྱུས་མའི་སྟེང་ནས་སྤྱིར་བཏང་མིན་པའི་མི་ཚེའི་ཟིན་བྲིས་ཕབ་པས། ང་ཚོས་རྒྱལ་གཅེས་བློས་གཏོང་གི་སྙིང་སྟོབས་འདི་འདྲ་དར་སྤེལ་ཤུགས་ཆེན་བྱས་ནས། དེ་དུས་རབས་གསར་བའི་བརྩོན་འགྲུས་ལྡན་པའི་མི་རྣམས་ཀྱི་རིན་ཐང་འཚོལ་སྙེག་ཏུ་འགྱུར་བར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ཝང་ཅི་ཚའེ་ཡི་ཁྱིམ་མི་ལ། འབྲེལ་ཡོད་ཕྱོགས་ཀྱིས་སེམས་ཁུར་དང་འཚམས་འདྲི་བྱེད་དགོས། བློ་མཐུན་ཝང་ཅི་ཚའེ་དང་འདྲ་བར་ཡུན་རིང་བོར་དཀའ་སྡུག་གི་ལས་རྐང་དུ་འབད་འཐབ་བྱེད་བཞིན་པའི་བློ་མཐུན་རྣམས་ལ། རིམ་པ་སོ་སོའི་རྩ་འཛུགས་ཀྱིས་རང་འགུལ་གྱིས་རོགས་བྱས་ནས་ཁོ་ཚོའི་དཀའ་ཁག་དངོས་ཐག་གཅོད་པ་དང་། བསམ་བློ་དང་བྱ་བ། འཚོ་བའི་ཐད་ནས་སེམས་ཁུར་དང་གཟིགས་སྐྱོང་སྔར་ལས་མང་པོ་བྱེད་དགོས་ཟེར།

བློ་མཐུན་ཝང་ཅི་ཚའེ་འཚོ་བཞུགས་སྐབས་སུ་ཅང་སུའུ་ཞིང་ཆེན་ཀོན་ཡུན་རྫོང་ཁའེ་ཧྲན་གླིང་ཕྲན་དམངས་དམག་སོ་ལྟ་ཁང་གི་འགོ་གཙོ་ཡིན་པ་དང་། ཁའེ་ཧྲན་གླིང་དེ་རང་རྒྱལ་གྱི་ཧོང་ཧའེ་མཚོ་ཡི་མདུན་ཕྱོགས་སུ་ཆགས་ལ། རྒྱ་ཁྱོན་ལ་རྐང་རྩེད་སྤོ་ལོ་ར་བ་གཉིས་ཙམ་གྱ་ཆེ་ཆུང་མ་གཏོགས་མེད་པ་དང་། འཐབ་ཇུས་གོ་གནས་ཧ་ཅང་གལ་ཆེ། 1985ལོར་དམག་དཔུང་གི་སྒྲིག་ལུགས་མེད་པར་བཟོས་རྗེས། དམངས་དམག་སོ་ལྟ་ཁང་བཙུགས། ཡིན་ན་ཡང་ཆ་རྐྱེན་ཧ་ཅང་ཞན་པའི་རྐྱེན་གྱིས། སྔ་གཞུག་ཏུ་གླིང་ཕྲན་དུ་བྱ་བ་སྒྲུབ་པར་ཡོང་བའི་དམངས་དམག་བཅུ་ལྷག་གིས་དུས་ཡུན་རིང་བོར་གླིང་ཕྲན་དུ་ལས་རེས་བྱེད་འདོད་མེད་པས། 1986ལོར། ལོ་ཉེར་དྲུག་ཡིན་པའི་ཝང་ཅི་ཚའེ་ཡིས་གླིང་ཕྲན་སྲུང་བའི་ལས་འགན་དང་ལེན་བྱས་པ་དང་། དུས་དེ་ནས་བཟུང་ཁོ་དང་ཆུང་མ་གཉིས་ཀྱིས་གླིང་ཕྲན་རང་ཁྱིམ་དུ་བརྩིས་ནས། ཆུ་གློག་མེད་པ་དང་སྐྱེ་དངོས་ཀྱང་གསོན་དཀའ་བའི་གླིང་ཕྲན་དེའི་སྟེང་ལས་གནས་བརྟན་སྲུང་བྱས་པ་དང་། རང་ཉིད་ཀྱི་ཆེས་མཛེས་པའི་ལང་ཚོ་དེ་མེས་རྒྱལ་གྱི་མཚོ་སྲུང་ལས་དོན་ཐད་ཕུལ། 2014ལོར། ཝང་ཅི་ཚའེ་བཟའ་ཟླ་གཉིས་རྒྱལ་ཡོངས་ཀྱི་དུས་རབས་ཀྱི་དཔེ་ལེགས་ཅན་དུ་བདམས་པ་དང་། ད་ལོའི་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། ཝང་ཅི་ཚའེ་ཡིས་ལས་འགན་བསྒྲུབ་སྐབས་གློ་བུར་དུ་ནད་བྱུང་ནས་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་ཚེ་ལས་འདས། ཚེ་ལས་འདས་དུས་ཁོ་རང་དགོང་ལོ་ང་བརྒྱད་ཙམ་ཡིན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།