ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ནས (གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)དུས་སྐབས་གསར་པའི་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལས་དོན་བཀོད་སྒྲིག་བྱས་པ་རེད།

 《བསམ་འཆར》ནང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་སྨན་བཅོས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། འགན་ནུས་དང་། བྱེད་ཐབས། སྤྱོད་ཚུལ་བཅས་གཏིང་ཟབ་བསྒྱུར་ཏེ་གཙོ་གནད་ཐོག་གཞུང་བཙུགས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ལྟ་སྐུལ་དོ་དམ་བྱེད་པ་དེ་ལས་རིགས་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུར་བསྒྱུར་བ་དང་། ལས་དོན་མ་བསྒྲུབ་གོང་དུ་ཞིབ་མཆན་ལ་མཐོང་ཆེན་བྱེད་པ་ནས་ལས་དོན་བསྒྲུབ་རིང་དང་བསྒྲུབ་རྗེས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་ལ་མཐོང་ཆེན་བྱ་རྒྱུར་བསྒྱུར་བ། ཕྱོགས་རྐྱང་པའི་ལྟ་སྐུལ་དོ་དམ་དེ་ཕྱོགས་བསྡུས་མཐུན་སྦྱོར་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་བསྒྱུར་བ། སྲིད་འཛིན་གྱི་ཐབས་ལམ་རྐྱང་པ་སྤྱོད་རྒྱུ་དེ་སྲིད་འཛིན་དང་། བཅའ་ཁྲིམས། དཔལ་འབྱོར། ཆ་འཕྲིན་སོགས་ཐབས་ལམ་སྣ་མང་སྤྱི་འདོམས་ཐོག་སྤྱོད་རྒྱུར་བསྒྱུར་བ་བཅས་བྱས་ནས་ལྟ་སྐུལ་དོ་དམ་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་དང་ཕྱོགས་ཡོངས་ནས་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་བསྟན་ཡོད།

《བསམ་འཆར》ནང་། ནན་ལ་ཚད་ལྡན་གྱི་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་འཛུགས་རྒྱུ་དེ་ནི་ཕྱོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཛུགས་རྒྱུ་དང་སྨན་བཅོས་འཕྲོད་བསྟེན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་ན“སྲིད་གཞུང་གིས་གཙོ་ཁྲིད་དང་། ཕྱོགས་བསྡུས་མཐུན་སྦྱོར། ཁྲིམས་ལྟར་ལྟ་སྐུལ་དོ་དམ། གཏོགས་ཁོངས་ཅན་གྱི་ལས་རིགས་ཧྲིལ་པོར་དོ་དམ། སྤྱི་ཚོགས་མཉམ་བཅོས། ཡོངས་བསྒྲགས་གཞུང་དྲང་། སྒྱུར་བཅོས་གསར་གཏོད། ཕན་ནུས་ཆེར་གཏོང”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད།

《བསམ་འཆར》ནང་། ཕྱོགས་གསུམ་ཐད་ཀྱི་སྲིད་ཇུས་བྱ་ཐབས་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་ཡོད་པ་སྟེ།  གཅིག་ནི་ལྟ་སྐུལ་དོ་དམ་གྱི་བྱེད་པོ་དང་འགན་འཁྲི་ཁ་གསལ་ཡོང་བ་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྲིད་གཞུང་གི་གཙོ་ཁྲིད་འགན་འཁྲི་ཆེ་རུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་རང་ངོས་དོ་དམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། ལས་རིགས་རྩ་འཛུགས་ཀྱི་རང་འདོམས་ནུས་པ་འདོན་སྤེལ་བྱེད་པ། སྤྱི་ཚོགས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྒྲིག་གཞི་རང་སྐྱོང་དང་། ལས་རིགས་རང་འདོམས། སྲིད་གཞུང་གི་ལྟ་སྐུལ་དོ་དམ། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་ཕན་ཚུན་ཟུང་འབྲེལ་གྱི་སྣ་མང་བཅོས་སྐྱོང་གི་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།

 གཉིས་ནི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་བཟང་སྒྲིག་བྱས་ནས་སྲིད་འཛིན་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་དགོས། སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་དང་བདེ་འཇགས་དོ་དམ་གྱི་ལྟེ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་འཁོར་སྐྱོད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་སྒྲིག་གཞིའི་རིགས་དབྱེའི་དོ་དམ་གྱི་བླང་བྱ་ལག་བསྟར་ནན་པོ་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ལས་ཞུགས་མི་སྣའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། ལས་རིགས་ཀྱི་སྒྲིག་ལམ་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མཉམ་འགོག་དང་མཉམ་དུ་ཚོད་འཛིན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། བདེ་ཐང་ཐོན་ལས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བསྟུན་མཁས་དང་། གཟབ་ནན། ནུས་ལྡན་བཅས་ཀྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

གསུམ་ནི་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་གཏོད་བྱེད་དགོས། སྲིད་འཛིན་ཁྲིམས་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་དང་ཚད་ལྡན་དུ་བཏང་ནས་ཁྲིམས་ལག་བསྟར་ནན་ལ་ཚད་ལྡན་དང་གཞུང་དྲང་ཡ་རབས་ཚུལ་ལྡན་ཡོང་རྒྱུ་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་དཔེ་འཐེན་བརྟག་དཔྱད་ལམ་སྲོལ་ཁྱབ་གདལ་བཏང་ནས་གཙོ་གནད་སྒྲིག་གཞིར་དཔེ་འཐེན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཡིད་རྟོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཡིད་རྟོན་ཐོ་འགོད་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་དགོས། ཆ་འཕྲིན་ཡོངས་བསྒྲགས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དུས་བཀག་ཐོག་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས། ཉེན་ཁ་སྔོན་གཏོང་དང་ཚོད་སྐོར་ལམ་སྲོལ་བཙུགས་ནས་ཆ་འཕྲིན་ལག་རྩལ་སྤྱད་དེ་གནད་དོན་ཤེས་རྟོགས་དང་ཉེན་ཁ་ཆེན་པོ་སྔོན་འགོག་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། དྲ་རྒྱ་ཅན་གྱི་དོ་དམ་ལམ་སྲོལ་བཙུགས་ནས་དྲ་ཐོག་དང་དྲ་ཕྱི་གཞི་གཅིག་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་ཐབས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་འབྲས་བུ་མཐུན་སྦྱོར་ངང་སྤྱོད་པའི་ལམ་སྲོལ་བཙུགས་ནས་ལྟ་སྐུལ་དོ་དམ་གྱི་འབྲས་བུ་སྤྱི་འདོམས་ཐོག་སྤྱོད་དགོས་པ་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།