ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཀྲུང་གོས་ཨ་རི་ནས་ནང་འདྲེན་བྱེད་པའི་ཐོན་རྫས་ཁག་ཅིག་ལ་བཀག་རྒོལ་བྱ་ཐབས་བཟུང་རྒྱུའི་ཐད་གཏམ་བཤད་སྤེལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་གསུམ་ཉིན། ཀྲུང་གོའི་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས། ཀྲུང་གོའི་ཁྱད་ཡོད་སྐྱེ་ཚད་ཀྱི་བཀག་རྒོལ་བྱ་ཐབས་ནི་ཚུལ་ལྡན་དང་བཟོད་སྒོམ་བྱས་པ་ཞིག་དང་། དེ་ནི་རྒྱ་ཁྱབ་ཀྱི་བསམ་འཆར་ཉན་ཞིང་། ཤུགས་རྐྱེན་གང་ཡོང་བསམ་གཞིག་བྱས་རྗེས་བཏོན་པ་ཞིག་ཡིན། དེ་ནི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཞིང་། ཁེ་ལས་ཀྱི་ཐེག་ནུས་དང་གོ་ལའི་ཐོན་ལས་སྦྲེལ་ཐག་ཀྱི་འཁོར་རྒྱུག་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་པ་ཞིག་ཡིན། ཁྲལ་བསྡུའི་བྱ་ཐབས་ལག་ལེན་བསྟར་བའི་དུས་ཚོད་དེ་ཨ་རིའི་བྱ་སྤྱོད་ལ་བལྟས་ནས་གཏན་འཁེལ་བྱ་རྒྱུ་ཡིན། ཀྲུང་གོས་དེ་མིན་གྱི་བཀག་རྒོལ་བྱ་ཐབས་བཏོན་རྒྱུའི་དབང་ཆར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ཞིབ་ཕྲའི་རྩིས་ཐོ་ལྟར་ན། ད་ཐེངས་ཨ་རིའི་དུང་ཕྱུར་དྲུག་བརྒྱའི་ཚོང་ཟོག་ལ་འགག་ཁྲལ་མཐོ་རུ་གཏོང་ཚད་དེ་རིམ་པ་བཞི་རུ་དབྱེ་ཡོད། དེ་ནི་བརྒྱ་ཆ་ཉི་ཤུ་རྩ་ལྔ་དང་། བརྒྱ་ཆ་ཉི་ཤུ། བརྒྱ་ཆ་བཅུ། བརྒྱ་ཆ་ལྔ་བཅས་རེད། གསར་འགོད་པས་ཤེས་རྟོགས་ཐུབ་པར། གོང་གསལ་གྱི་ཁྲལ་ཚད་དེ་དག་སྤྱིའི་ཆ་ནས་བརྗོད་ན་ཚོང་ཟོག་ཚང་མ་དང་འབྲེལ་བ་ཡོད། འོན་ཀྱང་བསྡུར་ཚད་འདྲ་གི་མེད། བརྒྱ་ཆ་ལྔའི་ཁྲལ་ཚད་ནང་གཙོ་བོ་རྫས་འགྱུར་བཟོ་ལས་དང་། ཡོ་ཆས་རིགས་ཚུད་ཡོད། བརྒྱ་ཆ་བཅུ་དང་བརྒྱ་ཆ་ཉི་ཤུའི་ཁྲལ་ཚད་ནང་ཟ་རིགས་རིགས་ཀྱང་ཅུང་ཟད་བསྡུས་ཡོད། བརྒྱ་ཆ་ཉི་ཤུ་རྩ་ལྔའི་ཁྲལ་ཚད་ནང་ཟ་རིགས་ཀྱི་བསྡུར་ཚད་ཧ་ཅང་གི་ཆེན་པོ་ཡོད། སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆབ་སྲིད་དང་དཔལ་འབྱོར་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་ཀའོ་ལིང་ཡུན་གྱིས། དེ་ནི་ཚོང་ཟོག་གི་བརྗེ་ཚབ་རང་བཞིན་དང་འབྲེལ་བ་ཆེན་པོ་ཡོད་ཅེས་གསུངས་ཡོད། ཁོང་གིས། ང་ཚོས་འགག་ཁྲལ་བསྡུ་བའི་སྐབས་སུ། རྒྱུ་རྐྱེན་མང་པོ་ཞིག་ལ་བསམ་གཞིགས་བྱེད་དགོས་ཀྱི་ཡོད། དཔེར་ན། ཁྲལ་ཚད་དམའ་ཤོས་ནས་བཤད་ན་ཚང་མ་མ་བཅོས་རྒྱུ་ཆ་ཤ་ཅིག་ཡོད། མ་བཅོས་རྒྱུ་ཆ་དེ་དག་ང་ཚོར་མེད་དུས། ཨ་རི་ནས་ནང་འདྲེན་མ་བྱས་པར་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱེད་སྐབས་ཁོང་ཚོས་ཀྱང་གནས་སྐབས་མཁོ་འདོན་བྱེད་མ་ཐུབ་པ་སོགས་བརྗེ་ཚབ་རང་བཞིན་ཆུང་བའི་རིགས་ལ་ཁྲལ་བསྡུ་ཚད་དེ་དམའ་ཤོས་ཡིན། འཛད་སྤྱོད་དངོས་པོའང་གོང་དང་འདྲ་བར་གནས་ལུགས་གཅིག་པ་རེད། ཐོན་རྫས་མང་པོ་ཞིག་ཨ་རི་ནས་ནང་འདྲེན་མ་བྱས་པར་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱས་ན་ད་ག་རེད། དེར་བརྟེན་ང་ཚོས་ཐོན་རྫས་དེ་དག་བདམས་པ་ནི་ང་ཚོར་ཤུགས་རྐྱེན་ཆུང་ཤོས་ཐེབས་པ་དང་། ཨ་རིར་ཤུགས་རྐྱེན་ཐེབས་ཚད་ང་ཚོ་ལས་ལྡབ་འགྱུར་ཆེ་བ་ཡོད་པས་རེད་ཅེས་གསུངས་ཡོད།

ཨ་རིའི་སྨྱན་སྦྱོར་ཚན་པས་ཉེ་དུས་ཀྲུང་གོ་དང་ཨ་རི་གཉིས་ཐུགས་འཕྲད་བྱ་རྒྱུའི་བརྡ་རྟགས་ཤིག་བཏང་ཡོད། ཀྲུང་གོ་དང་ཨ་རིའི་བར་གྲོས་བསྡུར་བྱ་རྒྱུའི་ཤོད་སྲོལ་དེའང་གང་སར་ཁྱབ་ཡོད། དོན་དེའི་ཐད་ཚོང་དོན་པུས་བསྐྱར་བཤད་བྱས་པར། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་ཐོག་གྲོས་མོལ་བྱེད་པ་དེ་ནི་ཉོ་ཚོང་འགལ་ཟླ་ཐག་གཅོད་བྱེད་པའི་ཐབས་ལམ་ཡག་ཤོས་དེ་རེད། ཕྱོགས་རྐྱང་པའི་ཉེན་ཁའང་གཡོ་རྫུན་གྱི་བྱ་སྤྱོད་ཀྱིས་འགལ་ཟླ་ཆེ་རུ་བཏང་ནས་ཕྱོགས་ཁག་གི་ཁེ་ཕན་ལ་གནོད་སྲིད་ཅེས་བཤད་ཡོད་པ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།