ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་ཚོགས་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་སྤྱི་ཟླ་བདུན་པའི་ཚེས་༣༡ཉིན་གྲོས་ཚོགས་སྐོང་ཚོགས་གནང་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་ཞིབ་འཇུག་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་བ། ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་གྲོས་ཞིབ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།གྲོས་ཚོགས་ཐོག་ལོ་འདི་ཤར་ཚུན། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་གཞི་གནས་རྒྱུན་འཁྱོངས་བྱས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བླང་བྱ་དོན་འཁྱོལ་བྱས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་གཙོ་ཐོག་བྱས་པ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ། གནད་འཕིགས་དབུལ་སྒྲོལ། འབག་བཙོག་འགོག་བཅོས་བཅས་འགག་གཏོར་ཆེན་པོ་གསུམ་གྱི་དམག་འཐབ་ཡག་པོ་བརྒྱབ་པ། སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་མགྱོགས་སུ་བཏང་བ་བཅས་བྱས་པས་ལོ་སྟོད་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་པོའི་ཁྲོད་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། སྤྱི་ཁོག་སྙོམ་སྒྲིག་ཚོད་འཛིན་གྱི་ཚད་གཞི་གཙོ་བོ་ཁག་ལུགས་མཐུན་བར་ཁམས་ནང་གནས་པ་དང་། དཔལ་འབྱོར་གྲུབ་ཆ་རྒྱུན་མཐུད་ལེགས་སྒྱུར་བྱས་པ། དངུལ་རྩའི་ཉེན་ཁ་འགོག་པ་དང་སེལ་བར་ཐོག་མའི་ཕན་འབྲས་ཐོན་པ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་བ་བཅས་ཤུགས་ཆེར་ཕྱིན་ཡོད་པའི་ངོས་འཛིན་བྱས་པ་དང་།གྲོས་ཚོགས་ཐོག་མིག་སྔའི་དཔལ་འབྱོར་བརྟན་པོའི་ཁྲོད་འགྱུར་བ་བྱུང་བ་དང་། གནད་དོན་གསར་པ་དང་འགྲན་རྩོད་གསར་པ་ཁག་གཅིག་འཕྲད་པ། ཕྱི་ཕྱོགས་ཀྱི་ཁོར་ཡུག་ལ་འགྱུར་བ་མངོན་གསལ་དོད་པོ་ཕྱིན་ཡོད། འགལ་ཟླ་གཙོ་བོར་དམ་འཛིན་བྱེད་པ་དང་། དམིགས་སའི་རང་བཞིན་ཆེ་བའི་བྱ་ཐབས་བཟུང་ནས་ཐག་གཅོད་བྱེད་དགོས། ལོ་སྨད་དུ་དཔལ་འབྱོར་སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འགག་གཏོར་གྱི་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གང་མགྱོགས་འཛུགས་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ལས་འགན་ལྗིད་པོ་ཡོད། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་གཞི་ནས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་བར་ཁམས་སུ་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་མཉམ་ཤུགས་ཆགས་པ་དང་། གནད་ལ་འཕིགས་པའི་སྒོ་ནས་སྲིད་ཇུས་ལག་བསྟར་བྱེད་པ། ལས་དོན་ཏན་ཏིག་དང་ཞིབ་ཕྲ་སྒྲུབ་དགོས་ཞེས་གསུངས་པ་དང་།གྲོས་ཚོགས་ཐོག་གཅིག་ནས། དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། སྲིད་ཇུས་ཀྱི་སྔོན་མཐོང་རང་བཞིན་དང་། སྟབས་བསྟུན་རང་བཞིན། ནུས་ལྡན་རང་བཞིན་མཐོ་རུ་གཏོང་དགོས། ནོར་སྲིད་སྲིད་ཇུས་ཀྱིས་ནང་མཁོ་རྒྱ་སྐྱེད་དང་གྲུབ་ཆ་ལེགས་སྒྲིག་ཐད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས། དངུལ་ལོར་མཁོ་སྤྲོད་ཀྱི་སྤྱིའི་འགག་སྒོ་དམ་འཛིན་ཡག་པོ་བྱེད་པ་དང་། འཁོར་རྒྱུག་རང་བཞིན་དང་ལུགས་དང་མཐུན་ཞིང་འདང་ངེས་ཡོད་པ་རྒྱུན་འཁྱོངས་བྱེད་དགོས། ལས་ཞུགས་བརྟན་པོ་དང་། དངུལ་རྩ་བརྟན་པོ། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ། ཕྱི་ཕྱོགས་ཀྱི་མ་རྩ་བརྟན་པོ། མ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་རྩའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། གཉིས་ནས། ཞན་ཆ་གསབ་རྒྱུ་དེ་མིག་སྔའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གཙོ་བོར་བརྩི་བ་དང་། རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་ཤུགས་ཆེ་རུ་གཏོང་བ། གསར་སྐྲུན་གྱི་ནུས་པ་ཆེ་རུ་གཏོང་བ། འགུལ་ནུས་གསར་པ་གོང་འཕེལ་གཏོང་བ། ཐོན་ལྷག་ཉུང་གཏོང་གི་ལམ་ལུགས་ཤར་གཏོང་ཐུབ་པ། ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཡག་པོ་བྱེད་དགོས། གསུམ་ནས། དངུལ་རྩའི་ཉེན་ཁ་འགོག་སེལ་དང་ཞབས་ཞུའི་དངོས་གཟུགས་དཔལ་འབྱོར་ཟུང་སྦྲེལ་ཡག་པོ་བྱས་ཏེ། བུན་ཟུག་ཉུང་གཏོང་གི་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་པ་དང་། ཤུགས་ཚད་དང་མགྱོགས་ལྷོད་ཁོང་དུ་ཆུད་པ་བྱེད་པ། སྲིད་ཇུས་ཁག་འདོན་པའི་གོ་སྐབས་མཐུན་སྦྱོར་ཡག་པོ་བྱེད་དགོས། སྒྲིག་གཞི་གསར་སྐྲུན་བྱས་པ་བརྒྱུད་དངུལ་རྩའི་ཞབས་ཞུའི་དངོས་གཟུགས་དཔལ་འབྱོར་གྱི་ནུས་པ་དང་འདུན་པ་མཐོ་རུ་གཏོང་དགོས། བཞི་ནས། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ནས་ནུས་པ་ལྡན་པ་དང་གོ་ཆོད་པའི་སྒྱུར་བཅོས་བྱ་ཐབས་གལ་ཆེན་ཁག་གཅིག་འདོན་རྒྱུར་མུ་མཐུད་ཞིབ་འཇུག་བྱེད་དགོས། སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། ཁྲོམ་རའི་ནང་ཞུགས་རྒྱུ་ལྷུག་ཏུ་ཤུགས་ཆེན་གཏོང་བའི་བྱ་ཐབས་གལ་ཆེན་དོན་འཁྱོལ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་གོང་འཕེལ་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་བ། སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཡག་པོ་གཉེར་དགོས། ལྔ་ནས། ས་ཁང་ཐོན་དབང་ཁྲོམ་རའི་གནད་དོན་སེམས་ཐག་གཙང་བཅད་ངང་ཐག་གཅོད་བྱེད་པ་དང་། གྲོང་ཁྱེར་ལ་བསྟུན་ནས་སྲིད་ཇུས་འདོན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། མཁོ་སྤྲོད་དོ་སྙོམས་ལ་སྐུལ་འདེད་གཏོང་བ། ལུགས་མཐུན་སྒོ་ནས་སྔོན་དཔག་ལ་ཁྲིད་སྟོན་བྱེད་པ། ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱེད་པ། ཁང་རིན་འཕར་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ས་ཁང་ཐོན་ལས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བའི་ཡུན་རིང་སྒྲིག་གཞི་འཛུགས་རྒྱུ་མགྱོགས་སུ་གཏོང་དགོས། དྲུག་ནས། དམངས་ཀྱི་འཚོ་བའི་འགན་ལེན་དང་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་སྟེ། ལས་ཞུགས་བརྟན་པོ་ཡོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་སུ་འཇོག་དགོས་པ་དང་། གླ་ཕོགས་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ་སོགས་གཞི་རྩའི་དམངས་ཀྱི་འཚོ་བའི་གཏོང་སྒོར་འགན་ལེན་བྱེད་པ། ཆེས་དབུལ་ཕོངས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་ལས་དོན་ཡག་པོ་དང་ཚགས་ཚུད་པོ། གཏིང་ཟབ་པོ་སྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།གྲོས་ཚོགས་ཐོག ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་འདུ་ཤེས་བཞིར་ཤུགས་སྣོན་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་གནང་བའི་འཐབ་ཇུས་བཀོད་སྒྲིག་ཁག་ལག་བསྟར་དང་། སེམས་ནུས་ཡོད་རྒུས་ལས་དོན་ཁག་ཡག་པོ་སྒྲུབ་ནས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱ་དགོས་ཞེས་ནན་སྟོན་གནང་ཡོད།གྲོས་ཚོགས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཟིན་པས། ཏང་ལ་རྣམ་པ་གསར་པ་དང་། ལས་ཚུལ་གསར་པ་དགོས་པ་དང་། ངེས་པར་དུ་དམ་ཞིང་དྲང་བའི་སྒྲིག་ཁྲིམས་ཀྱི་འགན་སྲུང་བྱ་དགོས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་གི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། དམིགས་སའི་རང་བཞིན་བཅས་གོང་མཐོར་ཏན་ཏིག་གཏོང་བ་དང་། འགན་ཁྲིའི་སྣེ་ཁྲིད་དང་གནད་དོན་ཀྱི་ཁྲིད་ཕྱོགས་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ཐོག དམ་ཞིང་དྲང་བའི་སྒྲིག་ཁྲིམས་ཀྱིས་ཏང་ཡོངས་ལ་དོ་དམ་དང་བཅོས་སྐྱོང་བྱ་དགོས། ཏང་གི་སྒྲིག་ཁྲིམས་ཁྲོད་ནས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་གལ་ཆེ་ཤོས་དང་། ཆེས་རྩ་བ། ཆེས་འགག་རྩ་ཡིན། འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་འགྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱ་རྒྱུ་འབུར་དུ་ཐོན་པ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ཁ་གསལ་བཟོས་ནས། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ཏང་གིས་སྲིད་འཛིན་བྱེད་པའི་ཆབ་སྲིད་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། སྒྲིག་ཁྲིམས་ལག་བསྟར་ངེས་པར་དུ་ནན་པོ་བྱེད་པ་དང་། སྒྲིག་ཁྲིམས་ལས་འགལ་ཚེ་འགན་ཁྲི་རྩད་གཅོད་བྱེད་པ་དེ་རྒྱུན་རྣམ་ཅན་དུ་འགྱུར་བའི་གྲུབ་འབྲས་སྲ་བརྟན་དང་གོང་འཕེལ་གཏོང་བ། ནུས་ཤུགས་ཡོད་རྒུས་ལམ་ལུགས་འཛུགས་པ་དང་། སྒྲིག་སྲོལ་བཟོ་བ། དོན་འཁྱོལ་དམ་འཛིན། ལག་བསྟར་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་ཐོག་ནས། ལམ་ལུགས་དང་སྒྲིག་ཁྲིམས་ནན་པོ་ཡོང་བ་དང་། སྒྲིག་ཁྲིམས་འཛུགས་སྐྱོང་གི་རྩ་ལག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྒྲིག་ཁྲིམས་ནན་པོ་དེ་ཏང་ཡོན་ལས་བྱེད་པའི་ཉིན་རེའི་གོམས་གཤིས་དང་རང་རྟོགས་ངང་སྲུང་བརྩི་ཞུ་ཡུལ་ལ་དངོས་སུ་གྱུར་བ་བྱས་ཏེ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།    

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།