ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉེར་བདུན་ཉིན་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ད་ལོར་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པས། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་སྤྱིའི་ཆ་ནས་གཏན་འཇགས་ཡིན་པ་དང་། གྲུབ་འབྲས་ནི་ཐོབ་སླ་བ་ཞིག་མིན། དེ་དང་མཉམ་དུ་དེང་སྐབས་ཀྱི་གནས་བབ་སྔར་ལས་ཚབས་ཆེ་བ་དང་། དོན་རྐྱེན་ཆེན་པོའི་རིགས་ཀྱང་མཚམས་མཚམས་སུ་འབྱུང་བཞིན་ཡོད་པས། ངེས་པར་དུ་རྟག་པར་ཉེན་བརྡ་བཏང་ནས། བདེ་འཇགས་ཐོན་སྐྱེད་བྱ་བར་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བ་གསལ་པོར་ཤེས་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། བདེ་འཇགས་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ། ཚེ་སྲོག་བླ་ན་མེད་པ་དང་བདེ་འཇགས་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱེད་པ། གསར་བརྗེ་གསར་སྐྲུན་ཟབ་སྤེལ་བྱེད་པ། འཕྲལ་བསྟུན་དོ་དམ་སྒྲིག་སྲོལ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་འགན་ལེན་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ། བདེ་འཇགས་ལྟ་སྐུལ་དོ་དམ་ཁྲིམས་འཛིན་ནན་མོར་སྤེལ་བ། བདེ་འཇགས་ཉེན་ཁའི་འགོག་འཛིན་དང་ཉེན་ཁ་ཞིབ་བཤེར་བཅོས་སྐྱོང་ཇེ་དྲག་ཏུ་གཏོང་བ། བདེ་འཇགས་རྨང་གཞིའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྲིམས་འགལ་སྒྲིག་འགལ་དང་ལས་ཤོར་ལས་འཛོལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ་བཅས་བྱས་ནས། བདེ་འཇགས་ཀྱི་དོན་རྐྱེན་ཆེན་པོའི་རིགས་ལ་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ད་ལྟ་ཆུ་ལོག་གི་དུས་ཚིགས་དང་ཡུལ་སྐོར་གྱི་རྫོགས་ལྡན་དུས་ཚིགས་ཡིན་པས། ལས་གནས་བརྟན་སྲུང་དང་རང་འགན་ལེགས་སྒྲུབ་བྱས་ནས། བདེ་འཇགས་ཀྱི་ཉེན་ཁར་གསལ་འདེབས་བྱེད་པ་དང་། སྔོན་བརྡ་རྒྱག་པ། འཕྲལ་བསྟུན་ཐག་གཅོད་བྱེད་པ་བཅས་ལ་ཤུགས་སྣོན་དགོས་ལ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་བདེ་འཇགས་དོགས་ཟོན་བྱེད་ཐབས་དངོས་འབེབས་ནན་མོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་དངོས་སུ་སྲུང་སྐྱོབ་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་ཧི་དང་། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཡུང་དང་། ཀྲའོ་ཁི་ཀྲི་གཉིས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།