ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་དང་ལི་ཁེ་ཆང་གིས་སོ་སོར་ཅི་ལིན་ཁྲང་ཁྲོན་ཁྲང་ཧྲིན་སྐྱེ་དངོས་རིམས་འགོག་སྨན་ཁབ་ཀྱི་གྱོད་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱི་རྒྱལ་དུ་འཚམས་འདྲི་མཛད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཅི་ལིན་ཁྲང་ཁྲོན་ཁྲང་ཧྲིན་སྐྱེ་དངོས་རིམས་འགོག་སྨན་ཁབ་ཀྱི་གྱོད་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ཁྲང་ཁྲོན་ཁྲང་ཧྲིན་སྐྱེ་དངོས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིས་ཁྲིམས་འགལ་སྒྲིག་འགལ་ངང་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱེད་པའི་བྱ་སྤྱོད་ནི་སྤྱོད་ངན་ཞིག་ཡིན་ཞིང་། མི་རྣམས་ཀྱིས་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་ཡིན་པས། འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་གཙིགས་སུ་བཟུང་ནས་གནས་ཚུལ་ངོ་མར་མྱུར་དུ་བརྟག་དཔྱད་གསལ་པོ་བྱེད་པ་དང་མཐའ་གཅིག་ཏུ་ཞིབ་བཤེར་ནན་མོ་བྱེད་ཅིང་འགན་དཀྲི་གཟབ་ནན་བྱས་ཏེ། ཁྲིམས་ལྟར་རྩད་གཅོད་ནན་མོ་བྱེད་དགོས། བརྟག་དཔྱད་བྱས་ཚུལ་དུས་ཐོག་ཏུ་ཁྱབ་སྒྲོག་བྱེད་པ་དང་། མང་ཚོགས་ཀྱི་སེམས་ཁུར་ལ་ལན་ཞིབ་མོ་ཞིག་སྟེར་དགོས། ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། སྨན་རྫས་བདེ་འཇགས་ལ་ཁག་ཐེག་ནན་ཏན་བྱེད་པ་ནི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འདོར་ཐབས་མེད་པའི་འགན་ཁུར་ཡིན་པས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་གོ་གནས་ཨང་དང་པོར་བཞག་སྟེ། སྨན་བཙན་པོས་འཆི་ནད་འཇོམས་པ་དང་ཁྲིམས་བཙན་པོས་ཉེས་སྤྱོད་གཅུན་པའི་ཆོད་སེམས་ལས་རང་རྒྱལ་གྱི་རིམས་འགོག་སྨན་ཁབ་ཀྱི་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། བློ་ཐག་རྦད་ཆོད་ཀྱིས་བདེ་འཇགས་ཀྱི་གཞི་འཛིན་ས་བརྟན་སྲུང་བྱས་ནས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་གི་ཁྱོན་ཆེན་ལ་ཤུགས་ཡོད་རྒུས་ཁག་ཐེག་ནན་ཏན་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཛུབ་སྟོན་གནང་ནས་བླང་བྱ་བཏོན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མྱུར་དུ་བརྟག་དཔྱད་ཚན་ཆུང་མངགས་ནས་རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་ཉོ་ཚོང་བྱེད་པའི་བཟོ་རིམ་ཧྲིལ་པོ་དང་རྒྱུད་རིམ་ཧྲིལ་པོར་བརྟག་དཔྱད་མཐའ་དག་བྱས་ཏེ། མྱུར་དུ་གནས་ཚུལ་ངོ་མ་བརྟག་དཔྱད་གསལ་པོར་བྱས་ནས། ཁེ་ལས་གང་དག་དང་མི་གང་དག་ཡིན་རུང་ཚང་མར་ཉེས་ཆད་དྲག་པོ་གཅོད་རྒྱུ་ལས་གུ་ཡངས་སྤུ་ཙམ་ཡང་མི་གཏོང་བ་དང་ངན་ལང་ཟོལ་འཇོག་གཏན་ནས་བྱེད་མི་ཆོག མི་དམངས་ཀྱི་ཚེ་སྲོག་དང་བདེ་འཇགས་ལ་གནོད་འཚེ་ཐེབས་པའི་ཁྲིམས་འགལ་ཉེས་བཟོས་བྱ་སྤྱོད་ཡོད་ཚད་ལ་བློ་ཐག་རྦད་ཆོད་ཀྱིས་དྲག་རྡུང་དང་། ཁྲིམས་འགལ་ཅན་ལ་བློ་ཐག་རྦད་ཆོད་ཀྱིས་ཁྲིམས་ལྟར་རྩད་གཅོད་ནན་མོ་བྱེད་པ། ལྟ་སྐུལ་དོ་དམ་དུ་འགན་ཤོར་བ་དང་འགན་འཛོལ་བའི་བྱ་སྤྱོད་ལ་བློ་ཐག་རྦད་ཆོད་ཀྱིས་འགན་དཀྲི་ནན་མོ་བྱས་ནས། མྱུར་དུ་མི་དམངས་མང་ཚོགས་ལ་བདེ་འཇགས་དང་སེམས་བདེ་མོ། ཡིད་ཆེས་ཡོད་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་དགོས།

ཞི་ཅིན་ཕེན་གྱི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་དོན་བྱ་བའི་ནང་རྐྱེན་ཞིག་བཙུགས་ཤིང་། བརྟག་དཔྱད་ཚན་ཆུང་ཁྲང་ཁྲོན་ཁྲང་ཧྲིན་སྐྱེ་དངོས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིར་མངགས་ནས་གྱོད་གཞི་ཐོ་འགོད་དང་བརྟག་དཔྱད་བྱེད་དུ་བཅུག བརྟག་དཔྱད་ཚན་ཆུང་གིས་མྱུར་དུ་གྱོད་གཞི་རྩད་ཞིབ་དང་འགན་འཁྲི་རྩད་གཅོད། ཉེན་ཁ་དང་མངོན་མེད་རྐྱེན་ངན་རིམ་བཤེར་སོགས་ཀྱི་བྱ་བ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།