ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཁམ་ཕུ་ཀྲེའི་རྒྱལ་པོ་ཞི་ཧ་མོ་ཉི་གཉིས་ཀྱིས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་དང་། ལིས་ཁི་ཆང་དང་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་སིན་གཉིས་ཀྱིས་ཀྱང་ཕན་ཚུན་ལ་རྟེ

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཀྲེའི་རྒྱལ་པོ་ཞི་ཧ་མོ་ཉི་གཉིས་ཀྱིས་ཚེས་བཅུ་དགུ་ཉིན་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ལོ་དྲུག་ཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་སྐྱོང་བྱས་པ་དང་། ཕ་རོལ་བའི་སྲོག་ཤིང་གི་ཁེ་ཕན་གནད་ཐད་ཐད་ནས་དུས་རྟག་ཏུ་ཕན་ཚུན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། མཛའ་བརྩེ་ཟབ་མོ་ཆགས་ཡོད། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་བཙུགས་པའི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་མཛའ་མཐུན་འབྲེལ་བ་དེ་ལོ་ཟླ་མང་པོའི་རིང་གི་ཚོད་ལྟ་དང་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་གི་ཉམས་སད་བརྒྱུད་དེ། རྩ་བ་སྔར་ལས་བརྟན་ཞིང་ལོ་འདབ་སྔར་ལས་རྒྱས་པར་གྱུར། ང་ཚོས་དགའ་སྤྲོའི་ངང་མཐོང་བ་ནི། དུས་རབས་གསར་པའི་ཆ་རྐྱེན་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་པོར་འཕེལ་རྒྱས་སུ་སོང་བ་དང་། འུ་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་བྱས་པ། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དྲག་སོང་བ། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གྲུབ་འབྲས་མངོན་གསལ་ཡིན་པ་བཅས་བརྒྱུད་དེ། ཀྲུང་གོ་དང་ཁམ་ཕུ་ཀྲེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་པ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཐད་ནས་བྱས་རྗེས་བཟང་པོ་བཞག་པ་དེ་རེད། ངས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ལག་རྡང་མཉམ་སྦྲེལ་གྱིས་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་བྱེད་པ་དང་། གཉིས་ཕན་མཉམ་ལས་ཟབ་སྤེལ་བྱས་ཏེ། ཀྲུང་གོ་དང་ཁམ་ཕུ་ཀྲེའི་འཐབ་ཇུས་དོན་སྙིང་ལྡན་པའི་ལས་སྐལ་གཅིག་འདྲེས་ཀྱི་ཐུན་མོང་ཚོགས་པ་མཉམ་དུ་བསྐྲུན་ནས། ཐུན་མོང་གི་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཞི་ཧ་མོ་ཉི་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཁམ་ཕུ་ཀྲེ་དང་ཀྲུང་གོའི་མཛའ་བརྩེས་དུས་ཚོད་ཀྱི་ཉམས་སད་ཐེག་ནས། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་སལ་གྲོགས་པོའི་འབྲེལ་བར་འཕེལ་ཡོད། ཁམ་ཕུ་ཀྲེ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཀྲུང་གོས་སྟོབས་ཤུགས་ཡོད་རྒུས་ཁམ་ཕུ་ཀྲེ་ཡིས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་བདམས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ལག་རྡང་མཉམ་སྦྲེལ་གྱིས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཡོད་ལ། རང་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་གཏན་འཇགས་དང་དར་རྒྱས་ཐད་ལ་ཡང་འཇོག་འོས་པའི་བྱས་རྗེས་བཞག་ཡོད་ཟེར།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་སིན་གཉིས་ཀྱིས་ཀྱང་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོས་ཁམ་ཕུ་ཀྲེ་ཡིས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་གདམ་གསེས་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ངས་ཁྱེད་དང་མཉམ་དུ་འབད་བརྩོན་གྱིས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་འབྲེལ་གྲོགས་པོའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་གོང་འཕེལ་ལ་གཏོང་འདོད་ཡོད་ཟེར། ཧུང་སིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེར་འགྲོ་བཞིན་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཁམ་ཕུ་ཀྲེ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དྲན་གསོའི་བྱ་འགུལ་གྱིས་རྒྱལ་ཁབ་གཉིས་བར་གྱི་སྤུན་ཟླ་ལྟ་བུའི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཇེ་ཟབ་ཏུ་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།