ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་ནས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་གནས་སྐབས་ལག་བསྟར་སྲོལ་ཡིག་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་ནས། «མི་ཤུགས་ཐོན་ཁུངས་ཁྲོམ་རའི་གནས་སྐབས་ལག་བསྟར་སྲོལ་ཡིག»བསྒྲགས་པ་དང་། སྲོལ་ཡིག་དེ2018ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

«སྲོལ་ཡིག»དེ་ནི་རང་རྒྱལ་གྱི་མངའ་ཁོངས་ནས་མི་ཤུགས་ཐོན་ཁུངས་ཁྲོམ་ར་བརྒྱུད་དེ་ལས་ཀ་འཚོལ་བ་དང་ལས་མི་བསྡུ་བ། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་བྱ་འགུལ་སྤེལ་བ་བཅས་མ་ལག་ཅན་དང་ཚད་ལྡན་ཅན་དུ་གཏོང་བའི་སྲིད་འཛིན་ཁྲིམས་སྲོལ་ཐོག་མ་ཡིན་ལ། གཅིག་གྱུར་སྒོ་འབྱེད་དང་འགྲན་རྩོད་རིམ་ལྡན་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་ར་འཛུགས་སྐྲུན་བྱས་ནས། ལས་ཞུགས་ལས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་བཟང་པོ་ཞུ་བ་དང་། ལས་ཞུགས་དམིགས་བསལ་འཐབ་ཇུས་དང་འཇོན་མིའི་རྒྱལ་ཁབ་སྟོབས་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་པར་དོན་སྙིང་གལ་ཆེན་ལྡན།

«སྲོལ་ཡིག»དེས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྐྱེད་སྲིང་དང་། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས། མི་ཤུགས་ཐོན་ཁུངས་ཁྲོམ་རའི་བྱ་འགུལ་གྱི་ཚད་གཞི། མི་ཤུགས་ཐོན་ཁུངས་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་བཅའ་ཁྲིམས་འགན་ཁུར་སོགས་ཀྱི་ཐད་ནས་གཏན་ཁེལ་ཆ་ཚང་བྱས་ཡོད་ལ། གཅིག་ནས་སྲིད་གཞུང་གི་ནུས་པ་སྔར་ལས་བཟང་པོར་བཏོན་ནས། མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྐྱེད་སྲིང་ལ་ཤུགས་སྣོན་དགོས་པ་དང་། གཉིས་ནས་བཅོས་སྒྱུར་གྱི་བླང་བྱ་དངོས་འབེབས་བྱས་ནས། མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཁྱབ་ཁོངས་ཀྱི་སྲིད་བསྡུ་དབང་གཏོང་དང་། གཏོང་དམ་ཟུང་སྦྲེལ། ཞབས་ཞུ་ལེགས་སྒྱུར་བཅས་ཀྱི་བཅོས་སྒྱུར་སྤེལ་དགོས། གསུམ་ནས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་བྱ་འགུལ་གྱི་ཚད་གཞི་གཏན་ཁེལ་གསལ་པོ་བྱས་ནས། ཁྲོམ་ར་གཙོ་བོའི་ཡིད་རྟོན་ཁྲིམས་བརྩི་ལ་ཡར་སྐུལ་བྱེད་དགོས། བཞི་ནས་དོན་རྐྱེན་འབྱུང་སྐབས་དང་བྱུང་རྗེས་ཀྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་ནས། མི་ཤུགས་ཐོན་ཁུངས་ཁྲིམ་རའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།