ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་ནས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའ་ཅིན་ཞི་ཅིན་ཕིང་གིས་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་འགོ་འཛིན་མཛད་ནས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། གནད་འགག་སྲོག་ཤིང་གི་ལག་རྩལ་ནི་རྒྱལ་ཁབ་ཀྱི་རིན་པོ་ཆེ་རྩ་ཆེན་ཡིན་ལ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པས། ངེས་པར་དུ་རང་རྒྱལ་གྱི་གནད་འགག་སྲོག་ཤིང་གི་ལག་རྩལ་གསར་སྐྲུན་ནུས་པ་དངོས་སུ་མཐོར་འདེགས་བྱེད་པ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་གི་ལག་ཏུ་དམ་པོར་བཟུང་ནས། རང་རྒྱལ་གྱི་འཕེལ་རྒྱས་ལ་ཚན་རྩལ་གྱི་འགན་སྲུང་སྟོབས་ཅན་འདོན་སྤྲོད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲིན་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཀྲུང་གོ་ཚན་རིག་གླིང་། ཀྲུང་གོ་བཟོ་སྐྲུན་གླིང་བཅས་ཀྱི་ཡར་ཞུ་ལ་ཉན།

ཚོགས་འདུའི་སྟེང་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་ཚན་རྩལ་ལས་དོན་གྱི་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། ཚན་རྩལ་གསར་སྐྲུན་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བྱུང་མོད། ཡིན་ནའང་རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཆུ་ཚད་དང་ལྷག་པར་དུ་གནད་འགག་སྲོག་ཤིང་གི་ལག་རྩལ་གསར་སྐྲུན་ནུས་པ་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་བསྡུར་ན་ད་དུང་བར་ཐག་ཧ་ཅང་ཆེ་ལ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རེ་བ་དང་ད་དུང་ཧ་ཅང་མི་མཐུན་པས། དགོས་གཏུག་འདུ་ཤེས་དང་ཉེན་ཚབས་འདུ་ཤེས་དངོས་སུ་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཧུར་ཐག་གིས་སྔོན་ཐོན་གྱི་རྗེས་སྙེག་པ། དགོས་མཁོའི་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས། དམིགས་འབེན་ཁྲིད་ཕྱོགས་བཅས་ལྟར་དུ་རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། ཚན་རྩལ་གསར་སྐྲུན་ནུས་པ་མཐོར་འདེགས་བྱེད་པ་དང་། རྨང་གཞིའི་ཞིབ་འཇུག་ལ་ཤུགས་བསྣན་ནས། འབད་བརྩོན་ཆེན་པོས་གསར་གཏོད་རང་བཞིན་གྱི་བརྒལ་གཏོར་བྱེད་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་ཐུན་མིན་ནུས་པ་ལེགས་པོར་འདོན་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་ལེགས་པོར་འདོན་པ། ཚན་རིག་པ་དང་ཁེ་ལས་པའི་གསར་སྐྲུན་གཙོ་གཞིའི་ནུས་པ་ལེགས་པོར་འདོན་པ་བཅས་བྱས་ནས། གནད་འགག་སྲོག་ཤིང་གི་ལག་རྩལ་མཁྲེགས་གཏོར་སྒྲིག་སྲོལ་གྲུབ་པར་བྱེད་དགོས། རྒྱལ་ཁབ་ཀྱི་དགོས་མཁོར་དམིགས་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུ་བ། རྒྱལ་ནང་གི་ཁྲོམ་རའི་ཁྱད་སྟོབས་འདོན་པ། འཆར་འགོད་ཁྲིད་སྟོན་ལ་ཤུགས་སྣོན་པ་བཅས་བྱས་ནས། སྔར་ལས་ཁ་གཏད་རང་བཞིན་ལྡན་པའི་ཚན་རྩལ་གསར་སྐྲུན་གྱི་མ་ལག་སྒྲིག་གཞི་དང་ཚན་རྩལ་གསར་སྐྲུན་སྟེགས་བུའི་མ་ལག་བཀོད་སྒྲིག་གྲུབ་པར་བྱེད་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྒོ་འབྱེད་མཉམ་ལས་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ། རྒྱལ་སྤྱིའི་གསར་སྐྲུན་ཐོན་ཁུངས་ལེགས་པར་བཀོལ་བ། སྣ་མང་ཅན་གྱི་མཉམ་ལས་ཐབས་ལམ་བསྐྲུན་པ། མཉམ་ལས་ཁྱབ་ཁོངས་གནད་ཁེལ་གདམ་གསེས་བྱེད་པ། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་གླིང་སོགས་ཀྱི་ཕྱི་ཕྱོགས་ཚན་རྩལ་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། གྲོགས་པོའི་འབྲེལ་བ་གསར་སྐྲུན་བྱེད་པར་ཤུགས་སྣོན་དགོས། 

ཚོགས་འདུའི་སྟེང་བསྟན་དོན། གནད་འགག་སྲོག་ཤིང་གི་ལག་རྩལ་ཐོད་བརྒལ་བྱེད་ན། གནད་འགག་ནི་མིའི་བརྩོན་སེམས་ནུས་ལྡན་སྒོས་འདོན་རྒྱུ་དེ་ཡིན་པས། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ཏེ། བསམ་པའི་རྣམ་པ་བཟང་པོ་གྲུབ་པར་བྱེད་དགོས་ལ། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ཀྱིས་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཚན་རིག་གི་དགོངས་གཞི་དར་སྤེལ་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཞིབ་འཇུག་ཟབ་མོ་བྱེད་པ་བཅས་བྱས་ནས། རིན་ཐང་ཅན་གྱི་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སློབ་གསོང་གཏོང་དགོས་པ་དང་ཁྲིད་སྟོན་བྱེད་དགོས། ཕུལ་བྱུང་གི་སྣེ་ཁྲིད་པ་སྐྱེད་སྲིང་བྱེད་དགོས་པར་མ་ཟད། དཔུང་སྡེ་བཟང་པོ་ཞིག་ཀྱང་ཡོད་དགོས། ན་གཞོན་ཚན་རིག་པའི་ནུས་པ་བཏོན་ནས། ཕུལ་བྱུང་ན་གཞོན་འཇོན་མི་ཁྱད་དུ་འཕགས་པར་བྱེད་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཚན་རྩལ་བྱ་བའི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་བསྣན་ནས། གནད་འགག་སྲོག་ཤིང་གི་ལག་རྩལ་བརྒལ་གཏོར་བྱེད་པའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས་ལ། ཚན་རྩལ་ཁྱབ་ཁོངས་ཀྱི་ལས་བྱེད་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཏང་དང་རྒྱལ་ཁབ་ཀྱི་ཚན་རྩལ་སྲིད་ཇུས་ལག་བསྟར་དངོས་འབེབས་བཟང་པོ་བྱེད་ཐུབ་པའི་རྩ་འཛུགས་རང་བཞིན་གྱི་འཇོན་མི་ཧ་ཅང་མང་པོ་སྐྱེད་སྲིང་བྱས་ཏེ། ཁོ་ཚོ་ཚན་རྩལ་བྱ་བར་འགོ་ཁྲིད་པའི་ནུས་ལྡན་པ་དང་ཚན་རིག་ཞིབ་འཇུག་མི་སྣའི་བློས་ཐུབ་གྲོགས་པོར་འགྱུར་དུ་འཇུག་དགོས། ཚན་རིག་ཁྱབ་གདལ་བྱ་འགུལ་རྒྱ་སེར་སྤེལ་ནས། ཚན་རིག་དགའ་བ་དང་ཚན་རིག་ལ་བརྩི་འཇོག་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་གྲུབ་པར་བྱས་ཏེ། མི་རིགས་ཡོངས་ཀྱི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་དགོས།

ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།   །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།