ལིས་ཁི་ཆང་པོ་ལིན་ལ་ཐོན་ནས་འཇར་མན་ལ་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ས་དེའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་གྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་པོ་ལིན་ཐེ་ཀི་ཨར་གནམ་གྲུ་ཐང་ལ་ཐོན། ལིས་ཁི་ཆང་གིས་མཱོ་ཁི་ཨར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་སྲིད་གཞུང་གྲོས་མོལ་ཐེངས་ལྔ་པར་འགོ་འཛིན་མཛད་རྒྱུ་ཡིན་པར་མ་ཟད་འཇར་མན་ལ་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་རེད།

འཇར་མན་སྲིད་གཞུང་གི་འཐུས་མི་དང་འཇར་མན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྲི་མེན་ཏི་སོགས་གནམ་གྲུ་ཐང་དུ་བསུ་མར་ཐོན།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་གྱི་སྲིད་གཞུང་གསར་པ་བཙུགས་ནས་ལོ་ཕྱེད་ཀ་ཡང་མ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཕན་ཚུན་ལ་འཚམས་འདྲི་བྱས་པ་དང་། དེས་ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་བཟང་པོ་དང་མཉམ་ལས་ལ་ཤུགས་སྣོན་པའི་ཐུན་མོང་གི་འདོད་བློ་མངོན་པར་མཚོན་ཡོད། སྲིད་གཞུང་གི་གྲོས་མོལ་རྐྱེན་སྲོལ་ནི་མིག་སྔར་ཀྲུང་གོ་དང་འཇར་མན་བར་གྱི་རིམ་པ་ཆེས་མཐོ་བ་དང་གཞི་ཁྱོན་ཆེས་ཆེ་བ། འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཆེས་ཡངས་པའི་གྲོས་མོལ་བརྗེས་རེས་ཀྱི་སྟེགས་བུ་ཞིག་ཡིན་ལ། ཀྲུང་གོ་དང་འཇར་མན་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཅིག་གྱུར་སྒོས་སྤེལ་བར་ནུས་པ་གལ་ཆེན་ཐོན་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག་ཏུ། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་སྐབས་གསར་པའི་སྲིད་གཞུང་གི་སྡེ་ཁག་སོ་སོའི་ཕྱོགས་ཡོངས་ཀྱི་ཐོག་མའི་འབྲེལ་འདྲིས་ལས། ལྟ་བ་གཅིག་སྡུད་དང་མཉམ་ལས་ཟབ་སྤེལ། འཕེལ་རྒྱས་མཉམ་གཉེར་བཅས་བྱེད་དགོས། ང་ཚོས་འགོ་རྩོམ་ས་གསར་པའི་སྟེང་ཀྲུང་གོ་དང་འཇར་མན་གྱི་མ་འོངས་པའི་ཁྱབ་ཁོངས་སོ་སོ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ཇུས་ཆེན་ལ་གྲོས་སྡུར་བྱས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ལ་སྒུལ་ཤུགས་སྣོན་པ། རང་དབང་ཉོ་འཚོང་དང་ཕྱོགས་མང་རིང་ལུགས། འདྲ་མཉམ་དྲང་བདེན་བཅས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་འཇོག་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།